མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱིའི་འགན་འཛིན་པ་ལིའུ་མེན་ཧྲིན་དང་སྤྱིའི་ལས་འཛིན་པ་ལིས་པའོ་ཆིན་འཁོར་དང་བཅས་པར་བཞུགས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ལིའུ་མེན་ཧྲིན་དང་ལིས་པའོ་ཆིན་འཁོར་དང་བཅས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་སིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་པར་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་ལ་ཡང་བསྐྱར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་གནང་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་གཟོ་མདུན་སྐྱོད་ཀྱི་སྤྲོ་སེམས་དང་ངར་ཤུགས་ལ་སྐུལ་སློང་དང་སྐུལ་མ་ཆེན་པོ་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཉམས་ཆེའི་འཆར་གཞི་དེ་ཞིབ་ཕྲའི་དཔེ་རིས་སུ་བཟོས་བ་དང་། བྱེ་བྲག་གི་བྱ་སྤྱོད་སྟེང་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གང་ཞིག་སྒྲུབ་དགོས་པ་དང་། གང་ཞིག་སྒྲུབ་མི་ཉན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་དང་འཐབ་ཇུས་ཀྱི་བཀོད་པ་ཞིག་ཏུ་བརྩིས་ནས་འཆར་འགོད་དང་། སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས“གནས་ལྔ་གཞི་གཅིག”གི་རྣམ་པའི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱིས་སྔར་གྱི་མཉམ་ལས་ཡག་པོའི་རྨང་གཞིའི་སྟེང་ཀྲུང་དབྱང་དང་ས་གནས་བར་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་ནས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་བ་བྱེད་བཞིན་ཡོད། མཚོ་སྔོན་གྱིས་སྔར་བཞིན་ཁེ་ལས་ཀྱིས་མཚོ་སྔོན་དུ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་ལས་གཞི་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལིའུ་མེན་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་གྱིས“མཐོ་ས”སྐྲུན་ནས“གནས་བཞི”འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་ལས་གཉེར་འཕེལ་རྒྱས་དང་མཚོ་སྔོན་གྱི་ལས་སྒོའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་འཛུགས་སྐྲུན་དང་། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བའི་ཐད་ལ་ཧུར་ཐག་གིས་ཞབས་འདེགས་ཞུས་ནས་མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་གི་ནུས་པ་དངོས་གནས་འདོན་སྤེལ་བྱེད་འདོད་ཡོད། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་སིས་མཚོ་སྔོན་དང་མཉམ་དུ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ལེན་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་གྲོས་ཚོགས་སུ་ཞུགས།
ཚེ་རིང་སྒྲོལ་མས་བསྒྱུར།