《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《རང་ལ་ཡིད་ཆེས་དང་རང་ཚུགས་ཐུབ་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་སྤེལ།
2024.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ7ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས14པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《རང་ལ་ཡིད་ཆེས་དང་རང་ཚུགས་ཐུབ་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ1པོ་ནས2024ལོའི་ཟླ3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།

རྩོམ་ཡིག་ནང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་དཀའ་སྡུག་ཆེན་པོ་ནས་རླབས་ཆེན་གྱི་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་ཕྱོགས་སུ་བསྐྱོད་པ་དང་། དེ་ལ་སློབ་དེབ་ཞིག་མེད་ལ། དྲིས་ལན་ཞིག་ཀྱང་གཏན་ནས་མེད། ཏང་གི་ལོ་བརྒྱའི་འབད་འཐབ་ལེགས་འགྲུབ་ཀྱི་བགྲོད་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་བཙན་རང་བདག་གིས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་པ་ཡིན་ལ། དེའི་ནང་ཁྱབ་པའི་གཞི་རྩའི་གནད་གཅིག་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་གཞི་རྩའི་གནད་དོན་ཡིན་པས། ངེས་པར་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་བསྟུན་ནས་ཐག་གཅོད་དགོས་པ་དང་། ཀྲུང་གོ་མི་རང་ཉིད་ཀྱིས་ལན་འདེབས་དགོས། ང་ཚོས་མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱས་ནས་བགྲོད་ལམ་གྱི་ཡིད་ཆེས་དང་། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གསར་སྐྲུན་སྙིང་སྟོབས་ཀྱིས་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས་ཤིང་། དེ་ལ་གྲུ་གཟིངས་ལ་རྟགས་བརྒྱབ་ནས་རལ་གྲི་འཚོལ་བ་དང་། བཀག་སྡོམ་རེངས་པོ་ལྟ་བུ་ཡིན་མི་རུང་ལ། གང་ཡིན་དེ་ལྟར་འདྲ་བཤུས་བྱས་ནས་སྒྲུབ་པ་དང་ཕྱི་རྒྱལ་པར་འགྱུར་བ་ལྟ་བུ་ཞིག་ཀྱང་བྱེད་མི་རུང་ཞེས་བསྟན་ཡོད།

རྩོམ་ཡིག་ནང་བསྟན་དོན། རང་ལ་ཡིད་ཆེས་ཡོད་ན་གཞི་ནས་རང་ཉིད་སྟོབས་དང་ལྡན་པར་འགྱུར་ཐུབ། ཀྲུང་ཧྭའི་དཔལ་ཡོན་དེ་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་རྒྱུན་ཆད་མེད་པ་དང་། བར་ཆད་བྱུང་ཡང་ཉམས་མེད་ལ། འདི་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་ངོ་མཚར་བྱས་རྗེས་ཡིན་ཞིང་། ང་ཚོ་རང་ཉིད་ལ་ཡིད་ཆེས་པའི་གཏིང་ཤུགས་ཞིག་ཀྱང་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་དང་རླབས་ཆེན་གྱི་གྲུབ་འབྲས་ནི་ང་ཚོས་ཡིད་ཆེས་བཞི་ཆེ་རུ་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན། དེང་སྐབས་ཀྱི་འཛམ་གླིང་སྟེང་གི་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག  མི་རིགས་གང་ཞིག་ལ་ཡིད་ཆེས་ཡོད་ཅེས་བརྗོད་དགོས་ཚེ། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་ནི་ཆེས་ཡིད་ཆེས་ཡོད་པར་བརྗོད་ཆོག་པ་ཞིག་ཡིན། ང་ཚོ་རང་ཉིད་ཀྱི་ལམ་དུ་བསྐྱོད་པ་དང་། ཡངས་པའི་གར་སྟེགས་ཡོད་ལ། མུ་མཐའ་བྲལ་བའི་ལོ་རྒྱུས་ཀྱི་རྟེན་གཞི་ཟབ་མོ་ཡོད་ཅིང་། མདུན་སྐྱོད་ཀྱི་བརྟན་ཤུགས་ཆེན་པོ་ཞིག་ཀྱང་ཡོད། ཀྲུང་གོའི་ལུགས་ཀྱི དེང་རབས་ཅན་ལ་སྐུལ་འདེད་གཏོང་ན་ངེས་པར་དུ་རང་བཙན་རང་བདག་དང་། རང་ཚུགས་རང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

རྩོམ་ཡིག་ནང་ལམ་ལུགས་ཀྱི་ཡིད་ཆེས་བརྟན་པོ་ཞིག་མེད་ཚེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྙིང་སྟོབས་ཤིག་ཡོད་མི་སྲིད་པ་དང་། དེ་བཞིན་དུ་མུ་མཐུད་བཅོས་སྒྱུར་མ་བྱས་ཚེ། ལམ་ལུགས་ཀྱི་ཡིད་ཆེས་ཀྱང་ཟབ་མོ་ཞིག་ཡོང་མི་ཐུབ་པ་དང་། དུས་ཡུན་རིང་བོར་གནས་མི་ཐུབ་པ་རེད། ང་ཚོས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་ལེགས་པོར་གཏོང་རྒྱུ་དེ་ཡིན་ལ། ང་ཚོར་ལམ་ལུགས་ཀྱི་ཡིད་ཆེས་བརྟན་པོ་ཡོད་དགོས་ཞེས་བཤད་པ་དེ་ནི་རང་ཉིད་བཀག་སྡོམ་བྱེད་དགོས་ཞེས་པ་མ་ཡིན་པར། སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་སེལ་ནས་ང་ཚོའི་ལམ་ལུགས་ཆ་ཚང་བའི་སྒོ་ནས་ཡུན་རིང་བོར་གནས་སུ་འཇུག་རྒྱུའི་ཆེད་དུ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས་ང་ཚོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་ངེས་ཡིན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་མངོན་གསལ་དོད་པོ་ཡོང་ངེས་ཡིན་པས། ང་ཚོའི་བགྲོད་ལམ་དེ་ལས་རྒྱ་ཆེར་འགྲོ་ངེས་ཡིན་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་བགྲོད་ལམ་གྱིས་འཛམ་གླིང་ལ་ཤུགས་རྐྱེན་སྔར་ལས་ཆེན་པོ་ཐེབས་ངེས་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ནི་འོད་སྟོང་འབར་བ་ཞིག་ཡིན་པས། ང་ཚོར་གཏིང་ཤུགས་དང་ཡིད་ཆེས་འདི་ཡོད་ཅེས་བསྟན་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།