ཟླ7ཚེས16ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་གསར་སྐྲུན་བྱེད་པའི་བྱ་བའི་ཆེད་དོན་འཛིན་གྲྭའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། འབྲེལ་ཡོད་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གཉིས་ཚོགས་འདུར་ཞུགས་ཤིང་། བྱ་བའི་ཆེད་དོན་འཛིན་གྲྭའི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་གསར་སྐྲུན་བྱེད་པའི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ཞིག་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ཞིབ་འཇུག་བྱ་གཞག་གལ་ཆེན་ཞིག སྐྱེ་ཁམས་ནུས་པ་ཆེས་ཆེ་ཤོས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། གསར་སྐྲུན་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་དང་གྲོང་ཁྱེར་མཉམ་འགུལ་དང་། མཐུན་སྦྱོར་སྐུལ་འདེད་བཏང་བས། བྱ་བ་སོ་སོར་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། གྲུབ་འབྲས་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་། ཚད་མཐོའི་སྐུལ་འདེད། ཆེད་ལས་འཛིན་གྲྭའི་ཁོངས་གཏོགས་ལས་ཁུངས་སོ་སོས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྟོབས་ཤུགས་ཡོད་རྒུས་མཉམ་ལས་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བསྟན།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་སྟེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་སྔར་ལས་ཇེ་དྲག་ཏུ་གཏོང་བ། གསར་འཛུགས་དམིགས་འབེན་གཏན་འཁེལ་བྱེད་པ། གོ་སྐབས་དམ་འཛིན་དང་མཉམ་ཤུགས་མཁྲེགས་གཏོར་བཅས་བྱས་ཏེ། གསར་སྐྲུན་གྱི་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་གཞི་དང་། མ་དངུལ། བྱེད་ནུས། སྟོབས་ཤུགས་སོགས་ལ་དམིགས་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནས་ཡུལ་ལེགས་པོར་འདེམ་པ་དང་། འཛུགས་སྐྲུན་དོ་དམ་ཐད་མཐུན་སྦྱོར་བྱེད་པ། ཐོན་ཁུངས་ཆ་ཚང་། ཚན་རིག་ཞིབ་འཇུག་འདེགས་སྐྱོར་སོགས་ལ་དམིགས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། མཁྲེགས་གཏོར་དཀའ་སེལ་བྱས་ནས་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་དགོས། མུ་མཐུད་དུ་འཆར་འགོད་འཐུས་ཚང་དུ་གཏོང་དགོས་ན། དེང་སྐབས་ལ་གཞི་ཚུགས་པ་དང་། ཕུགས་ལ་དམིགས་ཏེ། གཏིང་ཟབ་པ་དང་། ཞིབ་ཕྲ་ཅན། བྱེ་བྲག་ཅན་གྱི་སྟེང་ཤུགས་སྣོན་དགོས་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་སྔར་ལས་མཐོར་འདེགས་གཏོང་དགོས། འཁོར་སྐྱོད་ལམ་སྲོལ་ཇེ་དྲག་ཏུ་གཏོང་དགོས་ན། ཆེད་དོན་འཛིན་གྲྭའི་དངོས་གཞི་ཅན་གྱི་འཁོར་སྐྱོད་དང་། དུས་ཚོད་ཀྱི་འཕེལ་རིམ་དོ་དམ། གཟའ་འཁོར་རེའི་ཡར་ཞུ་དང་ཟླ་རེའི་བཀོད་གཏོང་། ཡར་ཞུ་སྦྲེལ་མཐུད་སོགས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གསར་སྐྲུན་བྱ་བ་བརྟན་འཇགས་དང་གོ་རིམ་ཡོད་པ་དང་། ཕན་འབྲས་མཐོ་བའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་དགོས། འདེགས་སྐྱོར་འགན་སྲུང་ལ་ཤུགས་སྣོན་དགོས་ན། རྒྱུ་རྐྱེན་གཙོ་བོ་དང་། སྒྲིག་བཀོད། འཇོན་མི་སོགས་ཕྱོགས་གང་ཅིའི་ཐད་དང་ཁྱབ་ཁོངས་སོ་སོས་མཉམ་དུ་ཤུགས་འདོན་པར་དམ་པོར་དམིགས་ཏེ། རྗེས་འདེད་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གསར་སྐྲུན་བྱ་བར་རྨང་གཞི་བརྟན་པོ་འདིང་བ་བཅས་བྱ་དགོས། གནད་འགག་ཏུ་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས་ན། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ་དང་། མཇུག་འབྲས་ཀྱི་སྟེང་ནས་ལྟ་བ་དང་གྲུབ་འབྲས་ཐོག་ནས་དམ་འཛིན་བྱེད་པར་དོ་སྣང་བྱས་ནས་གསར་སྐྲུན་བྱ་བའི་ཐད་ནས་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་མ་ཚོགས་གོང་། ཝང་ཝུའེ་ཏུང་དང་། ལིའུ་ཐའོ། ལིས་ཞའོ་ནན་བཅས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་ཀྱི་མཚོ་སྔོན་ཡན་ལག་མཛོད་ཁང་གི་ལས་གཞིའི་གནས་ཡུལ་འདེམ་ས་དང་། ཟི་ལིང་སྐྱེ་དངོས་གླིང་སྲུང་སྐྱོང་དྲོད་ཁང་ལས་གཞི་འཛུགས་ས་འདེམས་པར་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས།
ཚེ་རིང་སྒྲོལ་མས་བསྒྱུར།