མཚོ་སྔོན་ནི་མཐོ་སྒང་གི་ཁམས་གསོ་བྱེད་སའི་གནས་མཆོག་ཅིག་རེད་ཅེས་པའི་ཆེད་རྩོམ་སྒྲོག་སྤེལ་བཞུགས་མོལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས།
2024.07.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ7པའི་ཚེས15ཉིན། མཚོ་སྔོན་ནི་མཐོ་སྒང་གི་ཁམས་གསོ་བྱེད་སའི་གནས་མཆོག་ཅིག་རེད་ཅེས་པའི་ཆེད་རྩོམ་སྒྲོག་སྤེལ་བཞུགས་མོལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་ཚོགས་འདུར་ཞུགས། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་ནི་མཐོ་སྒང་གི་ཁམས་གསོ་བྱེད་སའི་གནས་མཆོག་ཅིག་རེད་ཅེས་པའི་ཆེད་རྩོམ་ནི་ཝུའུ་ཐེན་དབྱི་དང་དེའི་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་དུས་ཡུན་རིང་པོར་མཐོ་སྒང་གི་གསོ་རིག་ལ་ཞིབ་འཇུག་བྱས་པའི་བློ་གྲོས་དང་རྔུལ་ཆུའི་སྙིང་བཅུད་ཡིན། ཁམས་གསོའི་ཐོན་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པར་འབད་པའི་འཚོལ་ཞིབ་ཡིན་ལ། ཀྲུང་དབྱང་གི་བླང་བྱ་དང་། ཐོན་ལས་ཀྱི་དགོས་མཁོ། མཚོ་སྔོན་གྱི་ནུས་པ་བཅས་ལ་འཚམ་པ་དང་། མཚོ་སྔོན་གྱིས་མགྱོགས་མྱུར་ངང་གསར་དར་ཐོན་ལས་གསོ་སྤེལ་བྱེད་པ་དང་མ་འོངས་ཐོན་ལས་སྒྲིག་འཛུགས་བྱེད་པའི་བློ་གཏད་ཆོག་ལ་བེད་སྤྱོད་བྱེད་ཆོག་པ་དང་། ལག་ལེན་ཏུ་བསྟར་ཆོག་པའི་ཐབས་ལམ་ནུས་ལྡན་འདོན་སྤྲོད་བྱས། མཐོ་སྒང་གི་ཁམས་གསོའི་མདུན་ལྗོངས་རྒྱ་ཆེ་བས། ཚང་མས་སྔར་བཞིན་མཐོ་སྒང་གི་ཁམས་གསོའི་བྱ་བཞག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་དེའི་ཁྲོད་དུ་ཟབ་ཞུགས་བྱེད་པ་དང་། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྔོན་འདོན་བཟང་པོ་བྱེད་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་ལེགས་པོ་བྱས་ཏེ། ཝུའུ་ཐེན་དབྱི་ཡོན་ཧྲི་ཡི་ཞིབ་འཇུག་གྲུབ་འབྲས་ཚུར་སྒྱུར་གང་ལེགས་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་འོས་འགན་ཁག་ཁུར་ལ་བརྟེན་ནས། ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ། མཚོ་སྔོན་གྱི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཝུའུ་ཐེན་དབྱི་ཡིས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། ཆེད་རྩོམ་གྱི་ནང་དོན་རྩ་གནད་དང་། རིགས་གཞུང་རིན་ཐང་། དོན་དངོས་ཀྱི་སྙིང་བོ་བཅས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ནི་མཐོ་སྒང་གི་ཁམས་གསོའི་གནས་མཆོག་ཅིག་རེད་ཅེས་པའི་ཆེད་རྩོམ་ལ་ཁྱོན་བསྡོམས་ལེའུ་བཅུ་གསུམ་དང་དོན་ཚན་དྲུག་ཅུ་ཡོད་ལ། མ་ལག་ལྡན་པའི་སྒོ་ནས་མཐོ་སྒང་གི་ཁམས་གསོའི་གོ་དོན་དང་ནང་དོན། མཐོ་སྒང་གིས་མིའི་ལུས་ཕུང་ལ་ཐོན་པའི་ཕན་ནུས། མཐོ་སྒང་གི་ཁམས་གསོའི་གནས་མཆོག་སོགས་ཕྱོགས་ཀྱི་གཞུང་ལུགས་ཆེན་མོ་དང་ལག་ལེན་གྱི་གནད་དོན་འགྲེལ་བཤད་བྱས་པ་དང་། རིགས་གཞུང་རང་བཞིན་དང་། དངོས་སྤྱོད་རང་བཞིན། ཆེད་ལས་རང་བཞིན།  མདུན་སྐྱོད་རང་བཞིན་བཅས་གཞི་གཅིག་ཅན་གྱི་ཞིབ་འཇུག་གྲུབ་འབྲས་གཙོ་བོ་ཡིན་ཞིང་། མཐོ་སྒང་གི་ཁམས་གསོར་ཕན་པ་ཆེ་བའི་ཞིབ་འཇུག་བྱེད་པ་དང་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་བརྒྱུད། མཚོ་སྔོན་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་པ་དང་། མཚོ་སྔོན་གྱི་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། མི་རྣམས་ཀྱིས་མཐོ་སྒང་གི་ཁམས་གསོའི་གསོ་རིག་ཞིབ་འཇུག་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་གཞུང་ལུགས་ཀྱི་རྒྱབ་བརྟེན་གཙོ་བོ་འདོན་སྤྲོད་བྱས་ཡོད་པར་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཚན་རྩལ་ཐིན་དང་། ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་ལས་སྨན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བརྗོད་སྤེལ་ཞིང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཆེད་རྩམ་དཔར་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་བྱས། ཀྲུང་དབྱང་དང་ཞིང་ཆེན་གྱི་གསར་འགྱུར་སྨྱད་བྱེད་ཀྱི་འགན་ཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།