ཟླ7ཚེས17ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཏུང་ཧོང་ཀྲུང་ཆུས་རུ་སོང་ནས་ས་གཤིས་གནོད་འཚེའི་ཉེན་ཁར་དོགས་ཟོན་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་ཞོད་འགོག་རྒུད་སྐྱོབ་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི“ལོ་བཅུ་ལ་ལྟ་བ་དང་། ལོ་གསུམ་ལ་བསམ་པ། ད་སྐབས་བཟང་བོར་སྒྲུབ་པའི”བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་མཐའ་ཚད་ཀྱི་བསམ་ཕྱོགས་བརྟན་པོར་བཙུགས་ཏེ།“དུས་དང་རྣམ་པ་ཀུན་ཏུ་བློ་མི་བདེ་བའི”འགན་འཁྲིའི་འདུ་ཤེས་ཀྱི་ཐོག་ནས་སྔོན་འགོག་དང་ཁ་གཏད་བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་མོར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། གྲོང་ཁྱེར་གྱི་འགོ་བ་ཀྲང་ཀྲི་ཅའེ་དང་། ཅིས་ཧོས་གཉིས་བྱ་བའི་ནང་ཞུགས།
ཝང་ཝུའེ་ཏུང་སྔ་རྗེས་སུ་ཧའེ་ཙི་ཀིག་ཡུལ་ཚོ་ཅིན་ཅཱ་གྲོང་སྡེ་བ་དང་། ཀྲུང་ཀྲོང་སྡེ་བ་དང་ཡུལ་ཚོ་སྲིད་གཞུང་བཅས་སུ་སོང་ནས་ཡུལ་དངོས་སུ་མི་མངོན་པའི་རྐྱེན་ངན་ཡོད་སའི་ས་དབྱིབས་ལ་ལྟོས་པ་དང་། ལྟ་ཞིབ་ཚད་ལེན་ཉེན་བརྡ་དང་། ལས་རེས་སྐོར་ཞིབ། འཕྲལ་སྡོམ་ཐག་གཅོད། ཉེན་ཁ་ཡོད་པའི་ཡུལ་མི་གནས་སྤོ་སོགས་ཀྱི་བྱ་བར་རྒྱུས་ལོན་གནང་བ་མ་ཟད། སྡེ་མིའི་ཁྱིམ་དུ་སོང་ནས་སྡེ་མིའི་ཐོན་སྐྱེད་འཚོ་བ་དང་འཕྲལ་བསྟུན་ཉེན་གཡོལ་གྱི་རྒྱུན་ཤེས་སོགས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱས་ནས་འདྲི་རྟོགས་བྱས། ཁོས་བཤད་རྒྱུར། མིག་སྔར་ཞོད་འགོག་གི་གནད་འགག་དུས་སྐབས་སུ་སླེབས་ཡོད་པ་དང་། ཆར་པ་བསྟུད་མར་བབས་པ་དང་ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་བབས་པའི་གནམ་གཤིས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། ས་གཤིས་གནོད་འཚེའི་ཉེན་ཁ་ཐོན་ཚད་ཅུང་མཐོ་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོན་པོས་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་འགན་འཁྲི་བརྟན་པོར་འཁུར་དགོས་ཤིང་། འགན་འཁྲི་ལ་གཞོལ་བའི་སེམས་པ་མཐའ་གཅིག་ཏུ་ཁྱད་བསལ་བྱས་ནས་དོན་དག་ཆེན་པོར་འགྱུར་བ་འགོག་དགོས་པ་དང་། ཕྱི་ཚུལ་རིང་ལུགས་མི་བྱེད་པར་བྱེ་བྲག་ཏུ་ཟབ་མོར་སྒྲུབ་པ་དང་ཤུགས་དང་ལྡན་ཞིང་ཕན་འབྲས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ཀྱི་བྱ་བ་སོ་སོ་དམ་འཛིན་བྱས་ནས་ལེགས་པོར་སྒྲུབ་དགོས་ཟེར།
ཝང་ཝུའེ་ཏུང་གིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་རང་བཞིན་ཆེ་བ་དང་ཐོལ་བྱུང་རང་བཞིན་ཆེ་བས། གྲལ་བཤེར་སྐོར་ཞིབ་ཐད་ཤུགས་སྣོན་བརྒྱབ་ནས་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས“མིས་སྔོན་འགོག་བྱེད་པ་དང་། ལག་རྩལ་གྱིས་སྔོན་འགོག་བྱེད་པ”འབུར་དུ་ཐོན་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། ཆར་པ་མ་བབས་གོང་དང་། ཆར་བ་འབབ་སྐབས། ཆར་པ་བབས་རྗེས་སུ“བླང་བྱ་ཡོད་པ་དང་། བཀོད་སྒྲིག་ཡོད་པ། ལམ་ཐིག་ཡོད་པ། མི་སྣ་ཡོད་པ། དུས་ཚོད་ཡོད་པ། ཡར་ཞུ་ཡོད་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་གྱིས་སྐོར་ཞིབ་དང་ཞིབ་བཤེརརྟོག་ཞིབ་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བྱ་བ་གནད་ལ་འཁེལ་བ་དང་སྔོན་འགོག་གནད་ལ་འཁེལ་བར་འགན་སྲུང་བྱེད་དགོས་ཞེས་ནན་བཤད་བྱས།
གནོད་འགོག་ཉེན་གཡོལ་གྱི་འདུ་ཤེས་འཛིན་ཤུགས་མཐོར་འདེགས་གཏོང་བར་ཤུགས་སྣོན་དགོས་ན། སྟབས་བདེ་ཞིང་སྤྱོད་སླ་བ་དང་དངོས་གཉེར་སྤྱོད་གོ་ཆོད་པ་རྒྱུན་འཁྱོངས་བྱས་ཏེ། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་སྔོན་འགོག་བྱེད་པའི་གསོ་སྦྱོང་པར་གཞི་དང་སྐོར་ཞིབ་རྟོག་དཔྱོད་བརྒྱུད་རིམ་གྱི་ནང་དོན་ཁ་གསལ་བྱང་བུ། གནས་སྤོ་འབོད་བརྡའི་ཁ་གསལ་བྱང་བུ་སོགས“པར་གཞི་གཅིག་ལ་བྱང་བུ་གཉིས”བཟོ་བའི་བྱ་བ་ནན་ཏན་གྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས་པ་དང་། དྲིལ་སྒྲོག་གསོ་སྦྱོང་དང་ཡོངས་ཁྱབ་བཀོལ་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གནོད་འཚེ་འགོག་པ་དང་། གནོད་འཚེ་ཇེ་ཉུང་དུ་གཏོང་བ། རྒུད་སྐྱོབ་བཅས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བཟོ་དགོས། མ་ལག་ལྡན་པའི་གཅིག་གྱུར་འཆར་འགོད་དང་གཞི་རྩའི་ཡུན་རིང་ལ་ཤུགས་སྣོན་དགོས་ན། “སྤོ་དགོས་སར་སྤོ་རྒྱུ་དང་། བཅོས་སྐྱོང་འཚམ་སར་བཅོས་སྐྱོང་བྱ་རྒྱུའི”རྩ་དོན་ལྟར། རིགས་དབྱེ་ཇུས་བསྟར་དང་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་ཏེ། གནས་སྤོ་བར་བརྒལ་དུས་རིམ་གྱི་འགོག་ཟོན་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ་དང་། ཚད་གཞི་ཇེ་དམའ་རུ་མི་གཏོང་བར་བྱེད་དགོས། འབྲེལ་མཐུད་བརྩོན་ལེན་ལ་ཤུགས་བརྒྱབ་ནས་དུས་ལྟར་གཅིག་བསྡུས་ཉེན་གཡོལ་གྱི་གནས་སྤོ་བཀོད་སྒྲིག་ཚོད་ལྟའི་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། གནས་སྟངས་གསལ་པོར་རྟོགས་པ་དང་། བྱེད་ཐབས་ལེགས་པོར་བཟོས་ནས་གནས་སྤོ་བཀོད་སྒྲིག་དང་བེད་མེད་རྒྱུ་ནོར་ཕན་སྒྱུར་བྱེད་པར་ཟུང་འབྲེལ་བྱས་ཏེ། བྱ་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་ལག་བསྟར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་གཞི་རྩའི་ཐོག་འཇིགས་སྐུལ་མེད་པ་བཟོ་བ་དང་མངོན་མེད་རྐྱེན་ངན་ཇེ་ཉུང་དུ་གཏོང་དགོས།
ཚེ་རིང་སྒྲོལ་མས་བསྒྱུར།