ཟླ7པའི་ཚེས16ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐུང་ཧའེ་ལམ་ཁྲོམ་སྲང་གཞུང་སྒྲུབ་ཁྲུའུ་ཡིས་གྲོས་ཚོགས་ཁང་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་ཡིས་བརྩེ་བ་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སློབ་གྲྭ་རུ་གཟིགས་ཞིབ་མཛད་པར་ཕེབས་སྐབས་ཀྱི་སྣང་ཚུལ་ཞིབ་བཤད་བྱས།
དེ་ནི་སྒྲོག་འགྲེལ་ཚོགས་པའི་སྐོར་སྐྱོད་སྙན་ཞུ་ཚོགས་པའི་ཟི་ལིང་གི་ས་ཚིགས་དང་པོ་ཡིན་པ་དང་། ཁྲང་ཐུའུ་ཡི་སྒྲོག་འགྲེལ་སྙན་ཞུ་གྲོལ་རྗེས། མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཚའོ་ཐན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཡུང་ཀོང་དང་། ཟི་ལིང་གྲོང་ཁྱེར་ཞོ་ཆོའི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུའུ་ཝུན་ཞན། རྨ་ཆུ་ཀུང་ཟི་ཟི་ལིང་ཡན་ལག་ཀུང་ཟིའི་བཟོ་རྩལ་བཟོ་བཀོད་པ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པའི་ཝེ་རོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་མཚོ་ནག་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཆོས་འཕེལ་བཀྲ་ཤིས། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞའོ་ཧྥེ་ཞུའེ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པོ་བཅས་ཀྱིས་སྔ་གཞུག་ཏུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཡུལ་དངོས་སུ། གཞིས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བརྒྱ་ལྷག་གིས་ཡུལ་དངོས་ནས་སྙན་ཞུ་ཚོགས་འདུར་ཉན།
ད་ལོར་ལོ་དོན་བདུན་ཡིན་པའི་ཧུའུ་ཝུན་ཞན་གྱིས་ཁོའི་ཉེ་འགྲམ་གྱི་གཏམ་རྒྱུད་ཆུང་བ་གསུམ་ལ་བརྟེན་ནས་ཟི་ལིང་གི་འགྱུར་ལྡོག་ཆེན་མོ་མངོན་པར་བྱས། ཁོས་བཤད་རྒྱུར། ངས་བསམ་ན་བབ་ཆགས་ཤིང་གོ་བདེ་བའི་སྐད་ཆར་བརྟེན་ནས་ཉེ་འགྲམ་གྱི་འགྱུར་ལྡོག་བཤད་པའི་རྣམ་པ་ཧ་ཅང་བཟང་། དེ་རིང་ངས་རང་ཉིད་དཔེར་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་འོག ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། མང་ཚོགས་ཀྱི་འཚོ་བར་ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྱེར་ཡོང་ལ། ཚང་མས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བར་སྐུལ་མ་བཏང་སྟེ། དུས་རབས་གསར་བར་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་པ་ཞིབ་བཤད་བྱས།
ཐུང་ཧའེ་ལམ་གྱི་ཁྲོམ་སྲང་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཐེན་ཧྥེ་ཡིས་བཤད་རྒྱུར། ཐེངས་འདིའི་སྒྲོག་འགྲེལ་གྱིས་ངའི་ངར་སེམས་ཆེར་སྐྱེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། མངག་བཅོལ་མི་བརྗེད་པ་དང་རེ་བ་སྟོང་ཟད་དུ་མི་གཏོང་བ། རང་འགན་ལ་རྐང་འཛུགས་པ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བར་དྲིན་ལན་འཇལ།
ཞི་ཁྲོན་ལྷོ་ལམ་གཞིས་ཁུལ་གྱི་ལས་བྱེད་མི་སྣ་ཝང་ཝུན་གྱིས་སྒྲོག་འགྲེལ་གྱི་ནང་དོན་གྱིས་ཁོ་མོར་དྲོད་ཁོལ་སྦྱིན་པ་དང་སྐུལ་མ་ཐེབས་སུ་བཅུག་སྙམ། ཁོ་མོས་བཤད་རྒྱུར། གཞིས་ཁུལ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཚིས་ལ་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དམངས་ཚིས་ཀྱི་སྐྱིད་སྡུག་ལ་ཐུགས་ཁུར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཆེད་དུ་མཐོང་ཐུབ་པ་དང་རེག་ཐུབ་པའི་དོན་དངོས་དང་དོན་བཟང་སྔར་ལས་མང་པོ་བསྒྲུབ་པ་དང་། སྡོད་དམངས་ཚོའི་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་གནད་དོན་ཐག་བཅད་དེ། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཇེ་མཐོར་གཏོང་དགོས།
ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་། སྒྲོག་འགྲེལ་ཚོགས་པ་ཟི་ལིང་ཆུ་འདོན་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟིའི་གྲོས་ཚོགས་ཁང་དུ་སོང་ནས་ནང་དོན་ཕུན་སུམ་ཚོགས་པའི་འཁྲབ་བཤད་སྤེལ་བ་དང་། ཟི་ལིང་གི་རྒྱལ་དབང་ཁེ་ལས་སོ་སོ་ནས་ཡོང་བའི་ལས་བཟོ་བ་བརྒྱ་ལྷག་གིས་འཁྲབ་བཤད་ལ་ཉན།
ཟི་ལིང་ཆུ་འདོན་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟིའི་ཏང་དང་མང་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཏི་ཅུན་གྱིས་བཤད་རྒྱུར། ངས་མངག་བཅོས་སེམས་ལ་བརྟན་པོར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་ཁག་ཁུར་འབད་འཐབ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་དང་འགུལ་སྐྱོད་རང་རྟོགས་སུ་བསྒྱུར་བ་དང་། ང་ཚོས་མུ་མཐུད་དུ་ཆུ་འདོན་ཐད་ཀྱི་གཙོ་འགན་གཙོ་ལས་གཙིགས་སུ་བཟུང་ནས། ཐོན་སྐྱེད་བདག་གཉེར་ལ་ཞབས་འདེགས་ཞུ་བ་དང་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཤུགས་འདོན་ས་འཚོལ་བ་དང་། ཏང་ཡོན་གྱིས་ལས་རྐང་ལ་གཞིགས་ནས་ནུས་པ་འདོན་སྤེལ་བྱེད་པའི་ཟུང་འབྲེལ་བྱེད་ས་དམ་འཛིན་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ལག་བསྟར་བྱེད་པ། བདེན་འཚོལ་དངོས་གཉེར་དང་ཏན་ཏིག་གི་རྣམ་འགྱུར་ལ་བརྟེན་ནས་ལས་འགན་ལག་བསྟར་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཚེས17ཉིན་གྱི་སྔ་དྲོར། སྒྲོག་འགྲེལ་ཚོགས་པ་ཧོང་ཀྲུང་ཆུའུ་ཐེན་ཅཱ་གྲའེ་གྲོང་རྡལ་ཆན་ཙི་ཡོན་ཞིང་ལས་ཚན་རྩལ་དངོས་མང་བཤམས་སྟོན་ཐང་ཆེན་དུ་སོང་ནས། རྒྱ་ཆེའི་ཞིང་སྡེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ལ་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་ཞིག་སྤེལ།
སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཆོས་འཕེལ་བཀྲ་ཤིས་ཀྱི་ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་གཏམ་རྒྱུད་བཤད་པའི་སྒྲོག་འགྲེལ་བྱེད་སྟངས་ལ་ཉན་མཁན་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། སྒྲོག་འགྲེལ་གྱི་གྲུབ་འབྲས་བཟང་བོ་ཐོབ། དེའི་རྗེས་ཀྱི་སྒྲོག་འགྲེལ་ཁྲོད་ང་ཚོས་སྔར་བཞིན་དུ་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་ནང་དོན་བཟང་བོ་བཤད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་གཟིགས་སྐྱོང་ལ་མྱོང་ཚོར་བྱེད་པར་སྣེ་ཁྲིད་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མངག་བཅོལ་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཐུགས་ཁུར་གཟིགས་སྐྱོང་དེ་དྲིན་བཟོའི་སེམས་པ་རུ་བསྒྱུར་བ་དང་། མངག་བཅོལ་དེ་མདུན་སྐྱོད་ཀྱི་བློ་རྩ་རུ་བསྒྱུར་ཟེར།
ད་ལོར་ལས་ཞུགས་བྱས་པའི་གཞུང་ཞབས་པ་ཞིག་ཡིན་པའི་ཆ་ནས། ཐེན་ཅཱ་ཀྲའེ་གྲོང་རྡལ་གྱི་སྲིད་གཞུང་ལས་བྱེད་མི་སྣ་ཁྲིན་ཧྥ་ཨན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྔ་མོ་ནས་མགྱོགས་མྱུར་སྒོས་རང་ཉིད་ཀྱི་བྱ་བའི་ཁྲོད་འདྲེས་པར་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་འཇོག་དགོས་ཟེར།
ཚེས17ཉིན་གྱི་ཕྱི་དྲོ་ནི་སྒྲོག་འགྲེལ་ཚོགས་པའི་ཟི་ལིང་གི་ཆེས་མཐའ་མཇུག་གི་སྒྲོག་འགྲེལ་ཡིན་ལ། སྒྲོག་འགྲེལ་ཚོགས་པ་ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་རྩ་འཛུགས་ཀྱི་ཏང་ཡོན་དང་ལས་བཟོ་བའི་ཁྲོད་སོང་ནས་སྒྲོག་འགྲེལ་སྤེལ།
ཀྲུང་ཀོན་དབྱིན་པོ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་མཚམས་མི་འཇོག་པ་དང་ཧུར་ཐག་གིས་བསྒྲུབ་པའི་མངག་བཅོལ་དང་། སྡེ་བ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡོང་པའི་རེ་བ་སེམས་ལ་བརྟན་པོར་འཛིན་པ་དང་། མུ་མཐུད་དུ་འབད་བརྩོན་བྱེད་པ། སྡེ་བ་མཛེས་ཤིང་ཐོན་ལས་འདུ་རུབ་བྱེད་པ་དང་། སྐྱེ་ཁམས་བབ་སྡོད་དང་ཞིང་སྲོལ་དཔལ་ཡོན་ཡིན་པ། དྲིན་བསམ་མདུན་སྐྱོད་ཀྱི་བདེ་སྐྱིད་ཀྱི་པན་ཡན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཟེར།
ཉིན་གཉིས་རིང་ལ། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བརྒྱད་ཀྱིས་སོ་སོར་ཟུར་ངོས་མི་འདྲ་ས་ནས། དཔེ་གཞི་དངོས་དང་གོ་བདེ་བའི་སྐད་ཆ། བརྩེ་སེམས་ཟབ་མོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་མི་སེམས་འགུལ་བའི་སྣང་ཚུལ་དང་དྲོད་ལྡན་སྐད་ཆ་སྒྲོག་འགྲེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པའི་འགན་འཁྲི་ཁག་ཁུར་སྒྲོག་འགྲེལ་བྱས་ལ། ཞིང་ཆེན་ཏང་ཨུས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་སྒྲོག་འགྲེལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་འོག མཚོ་སྔོན་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རིགས་སོ་སོའི་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་སྒྲོག་འགྲེལ་བྱས།
ཟི་ལིང་གྲོང་ཁྱེར་སྐྱེ་དངོས་ར་བའི་ཁུལ་ཚོང་ཚོགས་ཀྱི་ཏང་ཀྲི་པུའུ་ཡི་ཏང་དོན་ལས་བྱེད་པ་དང་མཚོ་སྔོན་ཧུང་ཀྲན་རིག་གནས་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱིའི་བདག་གཉེར་པ་ཀྲང་ཞན་ཆོ་ཡིས་ཟིན་བྲིས་ལེགས་སྒྲིག་བྱེད་ཞོར་དུ་བཤད་རྒྱུར། ལས་རྐང་སྟེང་ལོག་རྗེས། ངས་ཐེངས་འདིའི་སློབ་སྦྱོང་དང་མྱོང་ཚོར་ཚོང་ཚོགས་ཀྱི་ཚོགས་མི་རེ་རེ་དང་ཁེ་ལས་ཀྱི་ལས་བཟོ་བ་རེ་རེར་བརྒྱུད་སྒྲོག་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།