ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་མཚོ་སྔོན་གྱི་ཉམས་ལེན་ལས་གཞི་སྤེལ་བའི་མཛད་སྒོ་པེ་ཅིང་དུ་བསྡུས།
2024.07.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ7ཚེས18ཉིན།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི2024ལོའི་སྐོར་ཐེངས་གསུམ་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་ལས་གཞི་སྤེལ་བའི་མཛད་སྒོ་པེ་ཅིང་སོག་བོད་སློབ་གྲྭའི་གནས་རྙིང་དུ་བསྡུས། རྒྱལ་ཁབ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏོན་དབྱི་ཅོན་གྱིས་མཛད་སྒོ་སྤེལ་བ་ཁྱབ་བསྒྲགས་བྱས། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཞུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གཉིས་ཀྱིས་ཤིས་ཚིག་ཕུལ།

སོག་བོད་སློབ་གྲྭའི་གནས་རྙིང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དེ2023ལོའི་ཟླ3པར་མང་ཚོགས་ལ་ཁ་ཕྱོགས་ནས་སྒོ་འབྱེད་བྱས། 2024ལོའི་སྐོར་ཐེངས་གསུམ་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་ལས་གཞི་དེ་མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་འགན་འཁུར་རྒྱུ་རེད། ཐེངས་འདིའི་ཉམས་ལེན་ལས་གཞིའི་རེས་འཁོར་འགྲེམས་སྟོན་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། མཚོ་སྔོན་གྱིས་ཏང་གི་མི་རིགས་བྱ་བའི་རླབས་ཆེན་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་ཞིག་ཀྱང་རེད།

མཚོ་སྔོན་གྱི་འགྲེམས་སྟོན་ཉམས་ལེན་ཁུལ་གྱིས“རི་ཆུའི་མཛེས་པ་ཕུན་ཚོགས་པའི། མཚོ་སྔོན་ཡུལ་གྱི་སེ་འབྲུ་དམར”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་ཤུལ་བཞག་རིག་གནས་ཉམས་ལེན། ཁྱད་ཐོན་ཟས་རིགས་ལ་དཔྱད་འཇོག་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས།  ཚང་མས་ཉམས་ལེན་བྱེད་པའི་ཁྲོད་དུ་དུས་རབས་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཉམས་ལེན་བྱས། མཛད་སྒོའི་སྟེང་རིག་རྩལ་བྱ་བ་བྱེད་མཁན་རྣམས་ཀྱིས་མི་རིགས་ཀྱི་ཞབས་བྲོ་དང་མཛའ་གཞས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།  རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ།  མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་མི་རིགས་ཆོས་ལུགས་དང་དྲིལ་སྒྲོག རིག་གནས་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།