མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིས་ཆེད་དོན་རྟོག་ཞིབ་སྤེལ།
2024.07.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཟླ7པའི་ཚེས16ཉིན་ནས་ཚེས19ཉིན་བར། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཝང་ལིས་མེན་དང་། མཱ་ཧྲི་ཀུང་། མཱ་ཧྥུའུ་ཁྲང་། ཝང་ཀའོ་ཏུང་། པུས་ཧྲིན་ལུང་། ཞུའེ་ཆིན་མེན། ཤ་བོ་སྒྲོལ་མ། ཀའོ་ཅིན་ཕིང་། ཏུང་ཆོན་མེན། ཅཱང་ཀྲི་ཀང་བཅས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞིགས་ནས་ཆེད་དོན་རྟོག་ཞིབ་སྤེལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་ཁོ་ཚོ་དང་མཉམ་དུ་རྟོག་ཞིབ་བྱས། 

འཐུས་མི་རྣམས་མཚོ་ལྷོ་ཁུལ་དང་། མགོ་ལོག་ཁུལ། མཚོ་ཤར་ཁུལ། རྨ་ལྷོ་ཁུལ། ཟི་ལིང་གྲོང་ཁྱེར་སོགས་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཁུལ་གཙོ་བོར་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཟུར་སྣེ་མི་འདྲ་བ་དང་ཕྱོགས་མི་འདྲ་བ་ནས་རང་ཞིང་གི་རྨ་ཆུའི་འབབ་རྒྱུད་ཀྱིས་སྐྱེ་ཁམས་སླར་གསོ་དང་། བྱེ་འགོག་བྱེ་བཅོས། བཙོག་ཆུ་གཙང་སེལ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ཕན་འབྲས་བླངས་པར་རྒྱུས་ལོན་བྱས།

ཚེས19ཉིན་གྱི་ཕྱི་དྲོར། རྟོག་ཞིབ་ཚན་ཆུང་གིས་ཆེད་དོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཆུ་བེད་ཐིན་བཅས་ཀྱི་ཁ་གསབ་སྒོས་སྙན་ཞུ་ཕུལ་བར་ཉན་ལ། འཐུས་མི་སོ་སོས་མྱོང་ཚོར་གླེང་བར་མ་ཟད་གྲོས་གཞི་བཏོན།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ཁ་ཕྱོགས་པ་དང་། ཆུའི་ཐོན་ཁུངས་ལ་གཞིགས་ནས་གྲོང་ཁྱེར་དང་ས་གནས། མི་འབོར། ཐོན་ལས་འཕེལ་རྒྱས་བཅས་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྦས་ནུས་ཀྱིས་དཔལ་འབྱོར་གྱི་སྦས་ནུས་སྐུལ་སྤེལ་གཏོང་དགོས། རིགས་དབྱེ་འཆར་འགོད་དང་རིགས་སྒྱུར་རིམ་སྤོར་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། དངོས་གཉེར་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། གསར་དར་ཐོན་ལས་ལ་དམ་པོར་དམིགས་ནས། ལྗང་མདོག་རྩིས་ནུས་ཚབ་བྱེད་ཡིན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་ལས་སྣོན་དང་། ཞིང་ལས་ཁོམ་གསེང་ཡུལ་སྐོར་བཅས་མཉམ་འདྲེས་ཟབ་མོ་བྱས་ནས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། ཆུ་གྲོན་ཐོན་ལས་དང་ལག་རྩལ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། ཆུ་སྤྱོད་རྣམ་པ་དེ་གང་འདོད་ལྟར་གཏོང་བ་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྣམ་པར་འགྱུར་བར་སྐུལ་འདེད་གཏོང་དགོས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་སོ་སོའི་བར་གྱི་འབྲེལ་འདྲིས་དམ་ཟབ་དང་མཉམ་སྡེབ་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མདུན་ལྗོངས་ཡངས་པོ་བསྐྲུན་དགོས། 

ལྷ་མོ་འཚོས་བསྒྱུར།