རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲའོ་ལི་ཅི་ཡིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་།
2024.07.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 27

ཀྲུང་གུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས19ཉིན་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་མཛད་པ་མ་ཟད་གཏམ་བཤད་གནང་།

གྲོས་ཚོགས་གྱིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པའི་ཚུན་ལ། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ལས་འགན་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། སེམས་ཤུགས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པར་ངོས་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་ཐག་གཅོད》ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་དང་། གང་ཞིག་བསྒྱུར་དགོས་པ་དང་། ཇི་ལྟར་བསྒྱུར་དགོས་པ་སོགས་ཀྱི་རྩ་བའི་རང་བཞིན་དང་གནད་འགག་རང་བཞིན་གྱི་གནད་དོན་གཏན་ཁེལ་གསལ་བོ་བྱས་ཡོད་པས། དེ་ནི་སྐྱོད་ལམ་གསར་བའི་སྟེང་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་ལྡན་པའི་ཡིག་ཆ་ཞིག་རེད་ཅེས་བསྟན་ཡོད།

གྲོས་ཚོགས་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱ་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཐུབ་པ་བཅས་བྱས་ནས་འགན་ནུས་དང་འགན་འཁྲིར་ཟུང་འབྲེལ་བྱེད་པ་དང་། ཧུར་ཐག་གིས་འགན་འཁྲི་འཁུར་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྔར་ལས་སྐུལ་འདེད་གཏོང་ཆེད་དམངས་འཐུས་ཚོགས་ཆེན་གྱི་བྱས་རྗེས་འཇོག་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། རིམ་པ་སོ་སོས་སློབ་སྦྱོང་དང་ལག་བསྟར་བྱ་བར་རྩ་འཛུགས་ཞིབ་མོ་བྱེད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་ཟབ་མོ། མིག་དཔེ་སྟོན་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པར་སློབ་སྦྱོང་དང་གསོ་སྦྱོང་བྱ་རྒྱུའི་ནང་དོན་གལ་ཆེན་དུ་བརྩིས་ནས་སེམས་སུ་ཟུག་པ་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། དམངས་འཐུས་ཚོགས་ཆེན་གྱི་འགན་འཁྲིར་གཞི་ཚུགས་ཏེ་དོན་འཁྱོལ་དམ་འཛིན་བཟང་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་ལྟ་སྐུལ་སོགས་ཀྱི་ལས་འགན་དང་བྱེད་ཐབས་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།

ཚེ་རིང་སྒྲོལ་མས་བསྒྱུར།