ཀྲུང་གུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཚེས19ཉིན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ལ། སྲིད་གྲོས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་གྱི་བྱེད་ཐབས་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད།
ཚོགས་ཐོག་ནས་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཏན་ཁེལ་ནི། ཏང་གི་ལོ་རྒྱུས་སྟེང་གི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱི་ཁོག་གི་རེ་བ། བྱེད་ཐབས་གལ་ཆེན། རྩ་བའི་འགན་སྲུང་སོགས་ཀྱི་གནད་དོན་གལ་ཆེན་འགྲེལ་བཤད་གསལ་བོ་བྱས། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་དགོས་པའི་ཚུལ་བསྟན།
ཚོགས་ཐོག་ཏུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་བ་དང་ཇུས་འགོད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་བསྒྱུར། གྲུབ་འབྲས་དེ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་དང་འབྲལ་ཐབས་མེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་དང་འབྲལ་ཐབས་མེད་བསམ།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་མོལ་དམངས་གཙོ་རྐྱེན་སྲོལ་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ལམ་བུ་གཙོ་བོ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་ཐད་ཇུས་འབུལ་ཤུགས་འདོན་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།