ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད།
2024.07.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། གཞི་ཁྱོན་ཆེན་པོའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་སྒྱུར་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་དང་རྒྱབ་སྐྱོར་ཆེན་པོ་བྱས་ཏེ།《དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་བཀོད་སྒྲིག་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་། གཞི་ཁྱོན་ཆེན་པོའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་དེ་རྙིང་ཚབ་གསར་བསྒྱུར་གྱི་སྣེ་ཁྲིད་རང་བཞིན་ཆེ་བས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ན་ནང་མཁོའི་སྦས་ཤུགས་སྔར་ལས་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད་པར་བསྟན། གྲོས་ཚོགས་སྟེང་དུས་ཡུན་རིང་བོའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བསྒྱུར་བྱེད་པར་སྔར་ལས་སྐུལ་འདེད་གཏོང་དགོས། སྒྲིག་ཆས་གསར་སྒྱུར་གྱི་ལས་གཞིར་རྒྱབ་སྐྱོར་བྱེད་སྟངས་ལེགས་སྒྱུར་བྱས་ཏེ། རྒྱབ་སྐྱོར་གྱི་ཁྱབ་ཁོངས་དེ་ནུས་ཁུངས་གློག་ཤུགས་དང་། གློག་སྐས་རྙིང་པ་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཕྱིར་འབུད་ཇེ་དམའ་རུ་གཏོང་བ་དང་བདེ་འཇགས་བསྒྱུར་བཀོད་བྱེད་པ། རེ་ཞུའི་རེ་བ་ཇེ་དམའ་རུ་གཏོང་བ། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་སྟབས་བདེ་རུ་བཟོ་རྒྱུ་ཡིན་པ་དང་། བཀོལ་སྤྱོད་བྱེད་བཞིན་པའི་གྲུ་གཟིངས་རྙིང་པ་དང་། བཀོལ་སྤྱོད་བྱེད་བཞིན་པའི་འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་རྙིང་པ་དང་བེད་མེད་དུ་བཞག་པའི་རླངས་འཁོར་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་འཕྲུལ་ཆས་དང་ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་སོགས་གསར་སྒྱུར་བྱེད་པའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། སྒྲིག་ཆས་གསར་སྒྱུར་གྱི་དངུལ་བུན་ལ་ནོར་སྲིད་ཀྱིས་སྐྱེད་ཀ་སྤྲོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། ས་གནས་ཀྱིས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་སྒྱུར་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས་བེད་མེད་དུ་བསྐྱུར་བའི་རླངས་འཁོར་གསར་སྒྱུར་དང་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རྙིང་ཚབ་གསར་སྒྱུར་བྱེད་པར་ཁ་གསབ་སྤྲོད་པའི་ཤུགས་ཚད་ཆེ་རུ་གཏོང་བ། སྤྱོད་སྒོ་མེད་པའི་གློག་ཆས་དང་གློག་རྡུལ་ཐོན་རྫས་ཕྱིར་བསྡུ་བ་དང་ཐག་གཅོད་བྱེད་པར་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཚོང་རར་ཁོར་ཡུག་བཟང་པོ་སྐྲུན་པ་དང་། དབང་བའི་ལམ་ལུགས་མི་འདྲ་བ་དང་ཐོ་འགོད་བྱེད་ས་མི་འདྲ་བའི་ཁེ་ལས་ཀྱིས་ལོངས་སུ་སྤྱོད་པའི་སྲིད་ཇུས་ལ་ཕྱོགས་རིས་མེད་པར་རྒྱབ་སྐྱོར་བྱས་ཏེ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པ་ཐག་གཅོད་བྱས།

གྲོས་ཚོགས་སྟེང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་བཀོད་སྒྲིག་བྱ་བ་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་གྲུབ་ཚུལ་དང་དགོས་མཁོ་སོགས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱེད་དགོས་ན། བཀོད་སྒྲིག་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་པ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་འགན་སྲུང་བྱེད་དགོས། བཀོད་སྒྲིག་བྱ་བའི་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས་ན། བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་དང་ལས་སྐྲུན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། བཀོད་སྒྲིག་འོས་འཚམ་དང་། ལུགས་མཐུན་བེད་སྤྱོད། རང་ནུས་གང་ཡོད་འདོན་པ། རང་གི་འདོད་པ་ལྟར་ཐོབ་པ་འབད་བརྩོན་གྱིས་མངོན་འགྱུར་ཡོང་བར་བྱས་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱ་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བཅོས་སྒྱུར་གྱི་ལས་འགན་སོ་སོ་ཆད་ལུས་མེད་པར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་འབྲེལ་ཡོད་དཔལ་འབྱོར་བྱ་བའི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ལོ་སྨད་ཀྱི་བྱ་བ་ལེགས་པོར་བསྒྲུབ་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་བློ་བརྟན་འགྱུར་མེད་ཀྱིས་མངོན་འགྱུར་བྱ་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།