ལིས་ཞི་ཡིས་མགོ་འཛིན་བྱས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ལག་བསྟར་བྱས།
2024.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཚེས19ཉིན་མགོ་འཛིན་བྱས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་བྱས། ཁོས་ནན་གྱིས་བསྟན་དོན། སྒྲིག་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། གཏན་ཕབ་གཉིས་གོང་བཀུར་བརྟན་པོ་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཤུགས་འདོན་ས་འཚོལ་བ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ལིས་ཞི་ཡིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་དུ། ཛ་དྲག་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཁག་ཁུར་ལྕིའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། སེམས་ཤུགས་གཅིག་ཏུ་བསྡུ་བ་དང་དཀའ་ཁག་ཁྱད་སེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་བསྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། འབད་བརྩོན་ཧུར་ཐག་གི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་བྱེད་པའི་བསྐྱོད་ལམ་གསར་བར་ཞུགས་དགོས།

ལིས་ཞི་ཡིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཏན་ཁེལ་ནི། འགོ་ཚུགས་ས་གསར་བའི་སྟེང་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་དེ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཐེངས་གཅིག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་བརྗོད་དོན་དང་རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་སྲུང་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱལ་དོན་ཆེ་ཕྱོགས་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ལྟ་སྐུལ་དང་སྒྲིག་བསྟར་ཁྲིམས་འཛིན་ལ་བརྟེན་ནས་བཅོས་བསྒྱུར་གྱི་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་འགན་སྲུང་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བའི་རེ་བ་གསར་བ་སློབ་སྦྱོང་ཟབ་མོ་བྱས་ཏེ། བསྐྱོད་ལམ་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།