ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྱི་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ཞེས་པར་གཞིགས་ནས་ཆེད་དོན་རྟོག་ཞིབ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་རང་ཞིང་གི་འབྲི་ཆུའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
རྟོག་ཞིབ་ཚན་ཆུང་དེ་སྔ་ཕྱིར་ཟི་ལིང་གྲོང་ཁྱེར་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་སྟེ། གནའ་ཤུལ་དང་རྟེན་མཛོད་ཁང་། རྗེས་དྲན་ཁང་། རང་བྱུང་སྲུང་སྐྱོབ་ཁུལ། ཁྱད་ལྡན་གྲོང་རྡལ་སོགས་ལ་རྩད་ཞིབ་བྱས་ཤིང་། ས་གནས་དང་འབྲེལ་ཡོད་སྐོར་ནས་བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས་པ་དང་། ས་གནས་དེ་གའི་དཔྱད་ཞིབ་སྔོག་འདོན་དང་ལོ་རྒྱུས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ། སྐྱེ་ཁམས་རིག་གནས་དང་སྲོག་ཆགས། སྐྱེ་དངོས་བཅས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་དེ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུར་སོང་ནས་ས་གནས་དེ་གའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁག་ཅིག་ལ་འཚམས་འདྲི་བྱས།
ཚེས19ཉིན་གྱི་སྔ་དྲོར་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུར་ཉན་ཞིང་། འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་པས་གཏམ་བརྗོད་སྤེལ་བར་མ་ཟད་རྟོག་ཞིབ་ཚན་ཆུང་གི་ཁོངས་མི་དང་མཉམ་འགུལ་བརྗེ་རེས་བྱས།
ཧྲའོ་ཧུང་གིས་མཚོ་སྔོན་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུངདབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་ཤུགས་སྣོན་པ་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ། དེ་དང་མཉམ་དུ། ཀྲུང་ཧྭའི་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གང་ལེགས་བྱས་ནས་བེད་སྤྱོད་ལེགས་པོ་བཏང་ཚེ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཐུབ་ཞིང་། རྒྱལ་ཁབ་ཀྱི་སྣང་བརྙན་མངོན་ཐུབ་པ་དང་། རིག་གནས་ཀྱི་ཡིད་རྟོན་ཕེར་བར་བྱེད་ཐུབ། འབྲི་ཆུའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནིརྙོག་འཛིང་ཆེ་བའི་མ་ལག་ཅན་གྱི་བཟོ་སྐྲུན་ཅིག་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཟུང་འབྲེལ་བྱས་ནས། འབྲི་ཆུའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རྩ་བའི་རང་བཞིན་དང་བླང་བྱ་ངོས་འཛིན་དང་དམ་འཛིན་ཡང་དག་བྱེད་ཅིང་། རྒྱལ་ཁབ་ངོས་ཀྱི་འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད་དང་ཞིང་ཆེན་གྱི་འཆར་འགོད་ཡུལ་བབ་དང་བསྟུན་པར་གཞིགས་ཏེ། དོ་དམ་རྐྱེན་སྲོལ་དང་ལས་གཞིའི་མ་དངུལ། གཅིག་གྱུར་འཆར་འགོད། སྡེ་ཁག་མཐུན་སྦྱོར་བཅས་ཀྱི་ཐད་ནས། སྔར་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རྐྱེན་སྲོལ་མཉམ་འདྲེས་འཕེལ་རྒྱས་ལ་དཔེ་བལྟ་བྱེད་པ་དང་། འབྲི་ཆུའི་རིག་གནས་ཀྱི་ཁྱད་ཆོས་གསར་གཏོད་དང་འབུར་དུ་ཐོན་པར་བྱེད་དགོས། ཚེག་དང་ཐིག ངོས་བཅས་ཟུང་འབྲེལ་བྱས་ནས། དབྱེ་འབྱེད་ངོས་འཛིན་ཐུབ་པའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་འབྲི་ཆུའི་གཏམ་རྒྱུད་ལེགས་པོར་འཆད་དགོས། འབྲི་ཆུའི་རིག་གནས་ཀྱི་མ་ལག་ལྡན་པའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། འབྲི་ཆུའི་འགྲམ་རྒྱུད་ས་ཁོངས་ཀྱི་རིག་གནས་ཀྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱེད་ཅིང་། འབྲི་ཆུའི་རིག་གནས་ཀྱི་ནང་དོན་སྙིང་བོ་གསལ་འགྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལེགས་པོ་བྱེད་དགོས་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་མཛུབ་སྟོན་བྱས་པར་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེངས་འདིར་རྟོག་ཞིབ་བྱས་པ་དེས་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པར་སྒུལ་ཤུགས་དྲག་པོ་བསྣན་ཞིང་མཛུབ་སྟོན་ནུས་ལྡན་འདོན་སྤྲོད་བྱས། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་། འབྲི་ཆུའི་རིག་གནས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་བ་དང། མཚོ་སྔོན་གྱི་གཏམ་རྒྱུད་དང་འབྲི་ཆུའི་གཏམ་རྒྱུད་ལེགས་པོར་བཤད་དེ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དེ་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྒྱུར་དགོས། ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བརྩིས་ནས། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་པ་དེ་གྲོས་མོལ་སྲིད་གླེང་གི་ནང་དོན་གཙོ་བོར་འཇོག་པ་དང་། ཞིབ་འཇུག་ཟབ་མོ་བྱེད་ཅིང་། ཧུར་ཐག་གིས་སྲིད་སྐྱོང་གྲོས་འདོན་བྱེད་པ། གྲོས་མོལ་སྲིད་གླེང་བྱེད་པ་དང་། སྟོབས་ཤུགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པས་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཚོ་སྔོན་བྱ་བའི་ཐད་མཐོང་ཆེན་གནང་ཞིང་། ཐུགས་ཁུར་དང་མཛུབ་སྟོན་བྱས་པ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་དང་སྒུལ་ཤུགས་སུ་བསྒྱུར་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེ་བྲག་གི་གྲུབ་འབྲས་སུ་བསྒྱུར་ནས། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏཱ་ཡའེ། མཱ་ཡའེ་ཞཱང་གཉིས་གོང་གསལ་གྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།