ཀྲུང་གུང་ཀྲུང་དབྱང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་དང་གསལ་འགྲེལ་བྱས།
2024.07.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ7པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་དང་གསལ་འགྲེལ་བྱས།

ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐང་ཧྥང་ཡུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་གནས་ཚུལ་མདོར་བསྡུས་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ། ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་འཆར་ཟིན་བཀོད་ཚུལ། དེ་མིན་ཏང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གནས་ཚུལ་བཅས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར།  ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི《བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རེད།   ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》གྱི་འཆར་ཟིན་འགོད་པ་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་སྤེལ་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཡིག་ཆ་འཆར་ཟིན་ཚན་ཆུང་གི་ཚན་གཙོའི་འགན་བཞེས་ནས་བརྒྱུད་རིམ་ཧྲིལ་པོར་འཆར་འགོད་དང་རྟོག་ཞིབ་སྒྲིག་འཛུགས་གནང་ཞིང་།  མཛུབ་སྟོན་ཞིབ་མོ་མཛད་པ།  ཁ་ཕྱོགས་གཏན་འཁེལ་གནང་བ་བཅས་ཀྱིས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་བཅོས་སྒྱུར་གཞུང་དོན་ཁང་གི་ཉིན་རྒྱུན་བྱ་བའི་ལས་བགོས་འགན་འཁུར་བ། ཀྲུའུ་རིན་གཞོན་པ་མུའུ་ཧུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཆོད་དོན》ཁྲོད་ཀྱི་དུས་རབས་གསར་པར་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་གྲུབ་འབྲས་གལ་ཆེན་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་བཅས་གཙོར་བཟུང་ནས་ངོ་སྤྲོད་བྱས།  ཁོས་སྤྱིའི་དམིགས་འབེན་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་དང་གཅིག་མཐུན་རྒྱུན་འཛིན་བྱུང་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དང་ཡང་འབྲེལ་མཐུད་བྱས་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་དམིགས་འབེན་གྱི་ཁྲིད་ཕྱོགས་གསལ་བོ་བཟོས་ཡོད།

ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི་ཉིན་རྒྱུན་བྱ་བའི་ལས་བགོས་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རིན་ཧན་ཝུན་ཞིའུ་གིས་ངོ་སྤྲོད་བྱེད་རྒྱུར། 《གཏན་འབེབས》ཀྱི་ནང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།  དཔལ་འབྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པས་གལ་འགངས་ཧ་ཅང་ཆེན་པོ་ལྡན།  ཁོས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་བདུན་གྱི་ཐད་ནས་ངོ་སྤྲོད་བྱས།

སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕིན་གྱིས་སློབ་གསོ་དང་ཚན་རྩལ། འཇོན་མི། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྐོར་གཙོར་བཟུང་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་སློབ་གསོའི་ཚན་རྩལ་འཇོན་མིའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་དེ་དག་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་ཀྱི་ངོ་བོ་དང་ཆོས་ཉིད་ལ་གསལ་རྟོགས་གཏིང་ཟབ་བྱས་པ་གང་ལེགས་སྒོས་མཚོན་ཡོད་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲོན་ཡའོ་ཡིས་ཆབ་སྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ངོ་སྤྲོད་བྱས།   ཁོས་བཤད་རྒྱུར།  ཚང་འཛོམས་གྲོས་ཚོགས་ཀྱིས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བའི”སྐོར་ནས་བཀོད་སྒྲིག་གལ་ཆེན་བྱས་པ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་།  གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་སོགས་ཐད་ཀྱི་བཅོས་སྒྱུར་གྱི་ལས་འགན་བཏོན་ཡོད།  ཚང་འཛོམས་གྲོས་ཚོགས་ཀྱིས་དུས་མཚུངས་སུ“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི”ཐད་བཀོད་སྒྲིག་གལ་ཆེན་བྱས་ཏེ། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་ཐད་བླང་བྱ་བཏོན་ཡོད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མོ་ཀའོ་དབྱིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།