ཟླ7ཚེས20ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་བྱ་བར་རྟོག་དཔྱོད་ཞིབ་འཇུག་གནང་སྐབས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱུད་རིམ་ལྡན་པའི་གཅིག་གྱུར་འཆར་འགོད་དང་གཞི་རྩའི་ཕུགས་རྒྱང་རིང་པོ་རྒྱུན་འཁྱོངས་བྱེད་པ། བཀོལ་སྤྱོད་བྱེད་བཞིན་པའི་རླངས་འཁོར་གྱི་དོ་དམ་ལ་མུ་མཐུད་ཤུགས་སྣོན་པ། གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་བྱ་བ་ཞིབ་ཚགས་ངང་ལེགས་པོར་སྒྲུབ་པ། བདེ་འཇགས་དང་གོ་རིམ་ལྡན་པའི་བགྲོད་ལམ་འགྲིམ་འགྲུལ་དང་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་འགྲིམ་འགྲུལ་དོ་དམ་ཞབས་ཞུར་བརྟེན་ནས་མང་ཚོགས་ཕྱིར་སྐྱོད་པར་འགན་སྲུང་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན། གྲོང་ཁྱེར་གྱི་འགོ་ཁྲིད་པ་ལིས་ཅཱ་ཁྲིན་དང་། ཀྲང་ཨེད་ཧུང་། ཐེན་ཞུའུ། ཧན་ཞིན་པིན་བཅས་རྟོག་དཔྱོད་བྱ་བའི་ཁྲོད་ཞུགས།
གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུའུ་རུ་ཝང་ཝུའེ་ཏུང་གིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བེད་སྤྱོད་སྟེགས་བུ་དང་ཕྱོགས་བསྡུས་བཀོད་འདོམས་སྟེགས་བུ་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་འགོ་ཁྲིད་མི་སྣ་དང་འབྲེལ་ཡོད་ལས་བགོའི་ཚན་ཁག་གི་འགན་འཁུར་བློ་མཐུན་སོགས་དང་བཞུགས་མོལ་བྱས་ནས་བྱ་བའི་ཡར་ཞུ་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས། ཁོས་བཤད་རྒྱུར། དམིགས་འབེན་མཐོན་པོ་གཏན་འཁེལ་བྱེད་པ་དང་། སྔོན་ལ་སྐྱོད་པ་དཔེ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་བྱ་བར་ཞིབ་འཇུག་དང་ཇུས་འགོད་ནན་མོ་བྱས་ནས་ཚུལ་ལྡན་གྱིས་རླངས་འཁོར་མི་བསྐོར་བའི་བྱ་སྤྱོད་ཡོ་བསྲང་ནན་མོ་བྱེད་དགོས་ཤིང་། འགྲིམ་འགྲུལ་སྒྲིག་འགལ་བྱེད་ཚད་དང་རླངས་འཁོར་ཁྲིམས་འགལ་བྱེད་ཚད་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་གྲོང་ཁྱེར་གྱི་ཡུལ་སྐོར་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་མུ་མཐུད་དུ་ཆེ་རུ་གཏོང་དགོས། འདུ་ཤེས་གསར་པ་བཙུགས་ཏེ། བཀོལ་སྤྱོད་ལས་གཉེར་དང་ལས་ཀའི་བསམ་ཕྱོགས་བསྒྱུར་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལས་རིགས་གཙོ་བོ་དང་ཚོགས་སྤྱི་གཙོ་བོར་དམ་པོར་དམིགས་ཏེ་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་པ་དང་། སྤྱོད་གོ་ཆོད་པ་རྩ་བར་འཛིན་པའི་གྲོང་ཁྱེར་བཅོས་སྐྱོང་དང་གཞུང་ལམ་འགྲིམ་འགྲུལ་དོ་དམ་གྱི་རྣམ་པ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། གཅིག་བསྡུས་སྒོས་ཆེད་དོན་བཅོས་སྐྱོང་བྱེད་པ་དང་། ཐག་ཉེ་དང་རྒྱང་རིང་ཟུང་སྦྲེལ་དང་རྩ་ལག་མཉམ་བཅོས་བྱེད་པར་དོ་སྣང་བྱས་ནས་རྒྱུད་རིམ་ལྡན་པ་དང་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བགྲོད་ལམ་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཁག་ཅིག་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། ཤེས་རྟོགས་བྱུང་བའི་གནད་དོན་ཉུང་ཤས་ཤིག་ལེགས་བཅོས་བྱེད་པ་ལ་བརྟེན་ནས་མང་ཆེ་བར་སྣེ་ཁྲིད་དང་མཐོར་འདེགས་གཏོང་དགོས། རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱས་ནས་གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ་དང་། རང་འགུལ་གྱིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་ལ་ལྟ་བ་དང་། དཀའ་ངལ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། འབྱུང་རྩ་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱེད་པ། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། གནད་དོན་ངོ་མ་ཤེས་རྟོགས་དང་གནད་དོན་ངོ་མ་ཐག་གཅོད་བྱེད་དགོས། ཡུན་ཕན་ལམ་སྲོལ་འཛུགས་པ་དང་། དེང་སྐབས་ལ་རྐང་འཛུགས་པ་དང་ཕུགས་རིང་ལ་དམིགས་པ། བྱེད་ཐབས་ནུས་ལྡན་ཕྱོགས་བསྡོམས་ནན་མོ་དང་དཔེར་མཚོན་ཉམས་མྱོང་ལེགས་སྒྲིག་བྱེད་པ། གདེང་འཇོག་དང་། ཐེར་འདོན། བྱ་དགའ་དང་ཆད་པ་གཅོད་པ་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དུས་རྒྱུན་དོ་དམ་དང་དོ་དམ་ཡུན་རིང་བོར་བྱེད་ཐུབ་པ་བྱེད་དགོས། སྤྱོད་ཚུལ་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། དྲན་སྐུལ་དབྱེ་འབྱེད་དང་སྣེ་ཁྲིད་མཉམ་སྤེལ། དོ་དམ་ནན་པོ། གཅེས་སྐྱོང་ཆེན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། མཐོ་སར་སླེབས་ཐུབ་པ་དང་འོག་ཏུ་གནས་ཐུབ་པའི་ཁྲིད་ཕྱོགས་མངོན་གསལ་ལ་བརྟེན་ནས་ལས་བྱེད་པས་འགན་འཁུར་ཕོད་པའི་བྱ་སྤྱོད་དང་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་མ་བཏང་སྟེ། ལས་བྱེད་པའི་དཔུང་སྡེའི་བསམ་བློའི་སྤྱོད་ཚུལ་དང་ནུས་པའི་བྱང་ཚད། འདུ་ཤེས་བསྒྱུར་བ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་བཟང་པོ་སྐྲུན་ནས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་དང་བདེ་འཇགས་ཟི་ལིང་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཆུ་ཚད་མཐོན་པོའི་གྲོང་ཁྱེར་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་གིས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་ཁྲིད་སྟོན་བྱས་ཏེ། དཔལ་ཡོན་ལྡན་པ་དང་མཛའ་མཐུན་ཡིན་པའི་གྲོང་ཁྱེར་གྱི་རིག་གནས་དང་དོ་དམ་ཞིབ་ཚགས་ཡིན་པའི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།