སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པས་ཡུས་ཧྲུའུ་ནས་སྐོར་བསྐྱོད་སྒྲོག་འགྲེལ་བྱས།
2024.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ7པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་ཆེད། ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པས་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་སྐོར་བསྐྱོད་སྒྲོག་འགྲེལ་སྤེལ།

ཚེས18ཉིན་གྱི་ཞོགས་པར། ཆར་བ་དང་འགྲོགས་ནས་སྒྲོག་འགྲེལ་ཚོགས་པའི་མི་བདུན་པོ་དུས་ཐོག་ཏུ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གནམ་གྲུ་ཐང་དུ་འབྱོར་བ་དང་། ཐེངས་འདིའི་སྒྲོག་འགྲེལ་གྱི་དུས་ཡུན་ཉིན་གཉིས་དང་ཕྱེད་ཀ་མ་གཏོགས་མེད་ན་ཡང་། སྒྲོག་འགྲེལ་ཚོགས་པས་ལུགས་དང་མཐུན་པའི་སྒོ་ནས་དུས་ཚོད་བེད་སྤྱད་དེ། དགོན་སྡེ་དང་གྲོང་གསེབ་ཞིང་སྡེ། སློབ་གྲྭ་དང་གཞིས་ཁུལ་ལ་སོང་ནས་དགོངས་དོན་སྒྲོག་འགྲེལ་ནན་མོ་བྱས་ནས་ཚུར་སྣང་ཆེན་པོ་ཐོབ།

ད་ལོར་ལོ་ང་བཞི་ཡིན་པའི་ཁྲང་ཐུའུ་ནི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཡིན་ལ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིའི་གྲས་ཀྱི་གཅིག་ཀྱང་ཡིན། ཁོས་བཤད་རྒྱུར། ང་རང་ཐེངས་དང་པོར་ཡུས་ཧྲུའུ་ལ་ཡོང་བ་ཡིན་ལ། རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཀྱིས་བསྐྲུན་པའི་གྲོང་ཁྱེར་འདི་མཐོང་ཚེ། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས། རྫ་དུག་ཅུང་ཙམ་བརྒྱབ་ན་ཡང་། ངས་ཆེས་བཟང་བའི་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སྒྲོག་འགྲེལ་གསལ་བོ་བྱེད་རྒྱུ་ཡིན་ཟེར།

ཕྱི་དྲོའི་དུས་ཚོད་གསུམ་སྟེང་། ཡུས་ཧྲུའུ་གྲོང་ཁྱེར་ཁྲ་འགུ་དགོན་པ་རུ། སྒྲོག་འགྲེལ་ཚོགས་པའི་སྣེ་ཁྲིད་པ་སྲུང་མས་ཐོག་མར་མགོ་འཛིན་པའི་འགན་ཁུར་ནས་བོད་སྐད་ཀྱི་ལམ་ནས་ཡུལ་དངོས་ཀྱི་གྲྭ་བ་བརྒྱ་དང་སུམ་ཅུ་ལ་སྒྲོག་འགྲེལ་གྱི་ནང་དོན་དང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ངོ་སྤྲོད་བྱས།

སྲུང་མས་ང་ཚོའི་སྒྲོག་འགྲེལ་གོ་བདེ་བར་བྱེད་ཆེད། ང་ཚོས་རྒྱ་བོད་སྐད་གཉིས་ཟུང་འབྲེལ་གྱི་སྒྲོག་འགྲེལ་རྣམ་པ་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་ཚང་མར་འགྲེལ་བཤད་གསལ་བོ་བྱས་ནས། ཚང་མའི་གོ་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

ཐལ་མོ་རྡེབ་སྒྲའི་ཁྲོད། སྒྲོག་འགྲེལ་ཁོངས་མི་ཁྲང་ཐུའུ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུའི་ཀུང་ཟི་ཟི་ལིང་ཡན་ལག་ཀུང་ཟིའི་བཟོ་རྩལ་བཟོ་བཀོད་པ་ཝེ་རོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་གཙོད་གནས་མཚོ་སྲུང་སྐྱོང་ས་ཚིགས་ཀྱི་དཔོན་པོ་ཆོས་འཕེལ་བཀྲ་ཤིས། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞོ་ཧྥེ་ཞུའེ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཀྲུང་ཀོན་དབྱིན་པོ་བཅས་ཀྱིས་སྔ་གཞུག་ཏུ་སྒྲོག་འགྲེལ་སྙན་ཞུ་ཕུལ།

སྒྲོག་འགྲེལ་སྙན་ཞུ་ལ་ཉན་རྗེས། ཡུས་ཧྲུའུ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། དགེ་རྒན་ཚོས་སྒྲོག་འགྲེལ་བྱས་པ་ཧ་ཅང་བཟང་བ་དང་། ཁོ་ཚོའི་སྐད་ཆའི་ཁྲོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཤིབ་བདེ་པོ་དང་མི་དམངས་སེམས་ལ་བཟུང་བ། མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ལ་ཐུགས་ཁར་བྱེད་པའི་བརྩེ་བ་མྱོང་ཚོར་བྱེད་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དུས་རབས་ཀྱི་གོ་དོན་ཁོང་དུ་ཆུད་པར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་པོ་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར།

ཚེས19ཉིན་གྱི་སྔ་དྲོའི་དུས་ཚད་དགུའི་སྟེང་། ཡུས་ཧྲུའུ་ཁུལ་དར་དམར་སློབ་ཆུང་གི་ཚོམས་ཆེན་ནང་དུ། ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་དང་པོ་ནས་ཡོང་བའི་སློབ་མ་བཞི་བརྒྱ་དང་ཉི་ཤུ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་སོ་སོའི་དགེ་རྒན་ཚོས་སྒྲོག་འགྲེལ་ལ་ཉན།

ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་ཀྲང་ཀྲི་ཆེན་གྱིས་གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུ་ལ་ཉན་རྗེས། ཚོར་སྣང་ཟབ་མོ་སྐྱེས་པ་དང་གྲུབ་འབྲས་བཟང་བོ་ཐོབ། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་ཁག་ཁུར་འབད་འཐབ་དང་ལས་སྒྲུབ་ལས་གཉེར་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་འགུལ་སྐྱོད་རང་རྟོགས་སུ་བསྒྱུར་རྒྱུ་ཡིན། ང་ལ་སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་པ་དང་། གཞི་རིམ་གྱི་དགེ་རྒན་ནི་རྨང་གཞི་འདིངས་མཁན་ཡིན་པའི་ཚོར་བ་ཟབ་མོ་ཞིག་སྐྱེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གྱིས་ང་རང་སྤྲོ་སེམས་ཆེན་པོ་དང་ཆེད་ལས་བློ་སྦྱོང་ཟབ་མོས་གཞི་རིམ་གྱི་སློབ་གསོའི་ལས་དོན་ཁྲོད་ཞུགས་པར་སྐུལ་མ་བཏང་བ་དང་། ངས་བྱིས་པ་ཚོ་འཚར་ལོངས་བྱུང་བའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

སྒྲོག་འགྲེལ་གོ་རིམ་ཁྲོད། སྒྲོག་འགྲེལ་སྣང་ཚུལ་ཇེ་བཟང་དུ་གཏོང་བ་དང་། བྱིས་པ་ཚོའི་ཟབ་ཞུགས་ཚད་ཇེ་མཐོར་གཏོང་ཆེད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཡུལ་དངོས་ནས་དྲི་བ་འདོན་པའི་རྣམ་པ་བརྒྱུད་དེ། སྒྲོག་འགྲེལ་སྔར་ལས་གསོན་ཉམས་ལྡན་པར་བྱས། དེ་དང་མཉམ་དུ། སྒྲོག་འགྲེལ་ཚོགས་པས་ད་དུང་སྔོན་དུ་བྱིས་པ་ཚོར་ལེགས་སྐྱེས་ཆུང་བ་གྲ་སྒྲིག་བྱས།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་དུ། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རླངས་འཁོར་ལ་བསྡད་དེ་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྲུ་མདའ་སྡེ་བ་རུ་སོང་ནས། ཏང་ཡོན་བྱ་འགུལ་ཁང་གི་ཕྱི་རོལ་ནས་ཏང་ཡོན་དང་མང་ཚོགས་བརྒྱ་ལྷག་ལ་སྒྲོག་འགྲེལ་བྱས།

གྲུ་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡའ་མ་ཚེ་རིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཁོང་དུ་ང་ཚོ་མང་ཚོགས་བཟུང་ཡོད་པ་དང་། ང་ཚོས་ངེས་པར་དུ་ཏང་གི་དྲིན་ལན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་མ་ཟད། འབད་འཐབ་ལྷོད་མེད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་རྒྱུ་ཡིན། ངས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ། ངར་སྐྱེད་འབད་འཐབ་བྱེད་པ་དང་།གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་འགོག་ར་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ། བློ་སེམས་རྩེ་གཅིག་གིས་སྡེ་བར་དོན་དངོས་དང་དོན་བཟང་བསྒྲུབ་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་དར་སྤེལ་གཏོང་རྒྱུ་ཡིན་ཟེར།

སྒྲོག་འགྲེལ་བྱ་འགུལ་གྱིས་གཞུང་ལུགས་འགྲེལ་བཤད་ལ་དོ་སྣང་ཆེན་པོ་བྱས་པར་མ་ཟད། ད་དུང་དཔེ་གཞིར་དབྱེ་ཞིབ་བྱེད་པ་དང་ཕན་ཚུན་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། འགུག་ཤུགས་ཇེ་ཆེར་བཏང་།

ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། སྒྲོག་འགྲེལ་ཚོགས་པ་དུས་ལྟར་ཆེས་མཐའ་མཇུག་གི་སྒྲོག་འགྲེལ་ས་ཆ་སྟེ་ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་གྱི་ཏང་ཡོན་བྱ་འགུལ་ཁང་གི་ནང་དུ། གཞིས་ཁུལ་གྱི་མང་ཚོགས་དང་ཏང་ཡོན་བརྒྱ་དང་དྲུག་ཅུས་སྒྲོག་འགྲེལ་ལ་ཉན།

ཆུང་དུས་ནས་ཡུས་ཧྲུའུ་ནས་འཚར་ལོངས་བྱུང་བའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཆོས་འཕེལ་བཀྲ་ཤིས་ཀྱིས་བཤད་རྒྱུར། ངའི་ཞང་བོ་སྟེ། སྔོན་ཆད་ཀྱི་ཨ་ཆེན་གངས་རྒྱབ་ནུབ་རྒྱུད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་རྒྱས་བཟང་བསོད་ནམས་སྟོབས་རྒྱལ་དང་།   ངའི་ཨ་ཕ་སྟེ། སྔོན་ཆད་ཀྱི་ཨ་ཆེན་གངས་རྒྱབ་ནུབ་རྒྱུད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཉིས་པ་གྲགས་པ་རྡོ་རྗེ་གཉིས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་སྲོག་ཆགས་སྲུང་སྐྱོབ་བྱེད་ཆེད་རང་སྲོག་བློས་བཏང་། ང་རང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་ཕ་ཡུལ་ནས་རང་ཉིད་ཀྱི་གཏམ་རྒྱུད་བརྒྱུད་དེ། ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་མྱོང་ཚོར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མངག་བཅོལ་གོ་བ་ཟབ་མོ་ལེན་པ། ཐུགས་ཁུར་གཟིགས་སྐྱོང་དེ་དྲིན་བསམ་པའི་བརྩེ་བ་རུ་བསྒྱུར་བ་དང་། མངག་བཅོལ་དེ་འབད་འཐབ་ཀྱི་བློ་རྩ་བརྟན་པོ་རུ་བསྒྱུར་བར་སྣེ་ཁྲིད་བྱེད་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

བྱ་ཆུ་ཁོག་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གྲགས་པ་ལྷུན་འགྲུབ་ཀྱིས་བཤད་རྒྱུར། གཞི་རིམ་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ལས་རྐང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་བོར་རྒྱུས་ལོན་གསལ་བོ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་འཛུགས་ཀྱིས་གཞི་རིམ་གྱི་བཅོས་སྐྱོང་ཆུང་བ་དང་བདེ་འཇགས་སྲང་ལམ་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་དེ་ཞི་མཛེས་བབ་སྡོད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་རྒྱུ་ཡིན་ཟེར།

ཆོས་འཕེལ་བཀྲ་ཤིས་སྒྲོག་འགྲེལ་སྙན་ཞུ་མཇུག་རྫོགས་པ་བསྟུན་ནས། ཐེངས་འདིའི་དུས་ཡུན་ཉིན་གཉིས་དང་ཕྱེད་ཀའི་སྒྲོག་འགྲེལ་བྱ་བ་ཡོངས་སུ་མཇུག་བསྒྲིལ། ཐེངས་འདིའི་སྒྲོག་འགྲེལ་མཇུག་བསྒྲིལ་ཟིན་ན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་སྔར་བཞིན་འཇགས་མེད་པ་དང་། ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པ་དང་མང་ཚོ་གས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་དེ་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་བཏང་སྟེ། ཧུར་ཐག་གིས་ཡུས་ཧྲུའུ་གནམ་སྔར་ལས་སྔོ་བ་དང་རི་སྔར་ལས་ལྗང་བ། ཆུ་སྔར་ལས་དྭངས་བར་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།