ཟླ7པའི་ཚེས19ཉིན་གྱི་དགོང་མོའི་དུས་ཚོད8དང་སྐར་མ40ཡས་མས་སུ། ཧྲའན་ཞིའི་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲོས་རྫོང་མཁར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་ཞིག་ལ་ཆུ་ལོག་དབང་གིས་རྡིབས་སྐྱོན་བྱུང་སྟེ། རླངས་འཁོར་རེ་འགའ་ཆུའི་ནང་དུ་ལྷུང་བའི་དོན་རྐྱེན་བྱུང་། ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད10བར། གནོད་འཚེ་དེ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི30ལྷག་འབྲེལ་ཐག་ཆད་ཡོད་ཟེར།
གནོད་འཚེ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་མཐོང་ཆེན་མཛད་ཅིང་མཛུབ་སྟོན་གལ་ཆེན་གནངས། ཧྲའན་ཞིའི་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲོས་རྫོང་མཁར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་ཞིག་ལ་ཆུ་ལོག་དབང་གིས་རྡིབས་སྐྱོན་བྱུང་ནས་མི་མང་བོ་མ་རྙེད་པར་འབྲེལ་ཐག་ཆད་ཡོད། མིག་སྔའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཤུགས་ཆེན་པོས་ཉེན་སེལ་རྒུད་སྐྱོབ་བྱེད་རྒྱུ་དང་། ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་བཤེར་བྱས་ནས། ཚད་ཆེན་པོའི་སྒོ་ནས་ཤི་རྨས་ཐེབས་པའི་མི་གྲངས་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། ཁྱིམ་མིའི་སེམས་གསོ་སོགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཡིན། ཚན་རིག་ལྟར་རྒུད་སྐྱོབ་བྱེད་པར་དོ་སྣང་དང་། ཉེ་འཁོར་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་ཏུ་རྩད་ཞིབ་བྱས་ཏེ་གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ནི་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་ཆུ་ལོག་འགོག་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་ལས་འགན་དངོས་འབེབས་བྱེད་པ་དང་། ལྟ་ཞིབ་ཚད་འཇལ་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་སྐོར་གཡེང་ཉེན་སེལ་ལ་ཤུགས་སྣོན་པ། བྱེད་ཐབས་སྣ་ཚོགས་ཞིབ་མོར་དངོས་འབེབས་བྱས་ཏེ། ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། གང་ནུས་ཀྱིས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་བཤེར་བྱེད་དགོས་པ་དང་། རྒྱུ་རྐྱེན་རྩད་གཅོད་གསར་བ་བྱས་ནས་རྗེས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། དུས་ཚོད་དམ་འཛིན་བྱས་ནས་ཉེན་ཁའི་གནས་ཚུལ་ལ་གྲལ་བཤེར་བྱས་ནས་གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཁག་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཕྱོགས་ཡོངས་ནས་རིགས་སོ་སོའི་ཉེན་ཁ་རྩད་ཞིབ་བྱས་ཏེ་གནོད་འཚེའི་དོན་རྐྱེན་སོགས་ལ་སྔོན་འགོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཆང་གི་རེ་བ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་དང་བཀོད་སྒྲིག་བྱ་བར་ཁྲིད་སྟོན་བྱས། ཧྲའན་ཞི་ཞིང་ཆེན་དང་ཧྲང་ལོ་གྲོང་ཁྱེར་གྱིས་མི་སྣ་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་དང་ཐག་གཅོད་བྱ་བ་སྤེལ་བཞིན་ཡོད། མིག་སྔར་ཡུལ་དངོས་རྒུད་སྐྱོབ་དང་རྗེས་ཀྱི་ཐག་གཅོད་སོགས་བྱ་བ་སྤེལ་བཞིན་པའི་སྒང་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།