སེམས་ཤུགས་གཅིག་སྒྲིལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས།
2024.07.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 28

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དེས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་དྲག་པོ་བསླངས།

ཚང་མས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས་ཟེར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པའི་ཚུན་གྱི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་ལག་ལེན་བཟང་བོ་དང་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རིག་ལྟར་འཆར་འགོད་དང་གོ་རིམ་ལྡན་པར་བཀོད་སྒྲིག་བྱས། ཚང་མས་གཅིག་གྱུར་སྒོས་བལྟས་ན། ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། དེར་གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་བཅས་ལྡན།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་། བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བརྗོད་སྙིང་དང་རྩ་དོན་གལ་ཆེན། བྱེད་ཐབས་གཙོ་བོ། གཞི་རྩའི་འགན་སྲུང་བཅས་ལ་གོ་བ་ཟབ་མོ་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས། ཚང་མས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཁག་ཁུར་ཡར་བརྩོན་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཚང་འཛོམས་གྲོས་ཚོགས་ནས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཆོད་དོན་ལས་བསྡོམས་པས་བཅོས་སྒྱུར་བྱེད་ཐབས་གལ་ཆེན་སུམ་བརྒྱ་ལྷག་བཏོན་ཡོད་པ་དང་། དེ་ནི་སྐྱོད་ལམ་གསར་པའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

ཚང་མས་བསྟན་དོན། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་སྒྱུར་དངོས་འབེབས་བྱེད་པ་དམ་འཛིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།