ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2024.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ7ཚེས22ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དངོས་འབེབས་བསམ་ཚུལ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བརྗོད་དོན་ཧ་ཅང་གལ་ཆེ་ཞིང་། དུས་སྐབས་ཤིན་ཏུ་རྩིས་ཆེ་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགག་མཚམས་གལ་ཆེན་དུ་བསྡུས་པའི་མཚོན་བྱེད་རང་བཞིན་ལྡན་ཞིང་། དུས་རབས་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ལག་ལེན་གྱི་མུ་འབྲེལ་ཡིན་པར་མ་ཟད། བསྐྱོད་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་དེ་ནི། དངོས་གཉེར་ཞིབ་ཚགས། གཙོ་གནད་འབུར་ཐོན། ལངས་གནས་ཀྱི་མིག་རྒྱང་རིང་ཞིང་མཐོང་རྒྱ་ཡངས་པོར་ཕྱེས་ཡོད་པ་ཞིག་དང་། ཤེས་རྟོགས་རྣམ་བཤད་དང་བྱེད་ཐབས་སྨྲ་བའི་ཁྱད་ཆོས་ལྡན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དཀའ་ཁག་ལ་གདོང་གཏོད་ཕོད་པའི་བཅོས་སྒྱུར་གྱི་སྙིང་སྟོབས་གསལ་བོར་མངོན་ཐུབ་ཅིང་། ཏང་ཁག་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་འབད་འབུངས་ཡར་བརྩོན་གྱི་ཞུམ་མེད་སྤོབས་པ་དང་། གདང་ཚོད་དང་བློ་རྒྱ་གསལ་བོར་མངོན་ཡོད། ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་གྲོས་འཆམ་བྱུང་བའི་ཐག་གཅོད་ནི་དུས་རབས་གསར་པའི་བཅོས་སྒྱུར་ཉམས་མྱོང་གི་མ་ལག་གཅིག་བསྡུས་ཀྱིས་གྲུབ་པ་དང་དེ་རྒྱ་བསྐྱེད་པ་ཞིག་ཡིན་ལ།  ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་ཕན་ནུས་ཀྱི་ཚན་རིག་ཐབས་ལམ་དུ་འགྱུར་ཐུབ་པ་གསལ་སྟོན་བྱས་ཤིང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ་སྔར་ལས་ཤུགས་དྲག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཐུབ་པ་ཐག་ཆོད་ཡིན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་གནང་པའི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། སྲོག་ཤིང་གཙོ་དོན་དང་ལག་ལེན་བླང་བྱ་བཅས་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མཚོ་སྔོན་འཕེལ་རྒྱས་གཏོང་བའི་དོན་དག་གལ་ཆེན་ལ་ཞིབ་འཇུག་དང་འཆར་འགོད་བཟང་པོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་སྤྱི་ཡོངས་གཉིས་ཀྱི་མཐོ་ཚད་ནས་ལངས་ཏེ། དུས་ནམ་ཡང་རྒྱལ་དོན་གྱི་ཆེ་ཕྱོགས་བསམ་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་འཐབ་ཇུས་གོ་གནས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མིག་རྒྱང་རིང་བའི་སྒོ་ནས་འཐབ་ཇུས་མདུན་ལྗོངས་འཆར་འགོད་བྱེད་པ་དང་ཡུན་རིང་གི་འཆར་གཞི་གཏན་འབེབ་བྱེད་པ་གཙིགས་འཛིན་དགོས་པར་མ་ཟད། མིག་སྔར་ལ་རྐང་བཙུགས་ནས་འགལ་ཟླར་ཐད་ཀར་གདོང་གཏོད་ཐུབ་པ་དང་། གནད་དོན་ཐག་གཅོད་བྱེད་མཁས་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་སྔར་ལས་ལྷག་པར་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་ཐུབ་པར་སྐུལ་འདེད་བཏང་ནས། བཅོས་སྒྱུར་སྔར་ལས་དོན་དངོས་དང་མཐུན་ཞིང་། ནུས་ལྡན་དུ་འགྱུར་བར་ཁག་ཐེག་བྱེད་དགོས། ཐད་གཅོད་ལྟར་རེ་རེ་བཞིན་གསལ་འགྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་བསྡུར་ནས་ལས་དོན་ཁག་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ། བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་སྤྱད་ནས་གནད་ཁེལ་ཤུགས་འདོན་དང་། རྒྱུན་མཐུད་ཤུགས་འདོན་བྱེད་དགོས་ཤིང་། བྲེལ་མྱུར་རང་བཞིན་གྱི་དོན་དག་དམ་འཛིན་བྱེད་པ་དང་། འགག་གནས་དང་གཏིང་ཟབ་ཀྱི་སྒོ་ནས་བཅོས་སྒྱུར་ཁག་སོ་སོར་སྐུལ་འདེད་བཏང་ནས་ཁྱབ་ཚད་དང་ཟབ་ཚད་མཐོ་བར་བྱེད་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་འགག་རྒྱ་བཟོ་བའི་དཀའ་གནད་དང་འགག་རྩའི་གནད་དོན་ཤུགས་ཆེན་པོས་སེལ་ཐུབ་བྱས་ཏེ། ཤ་ཟད་རུས་ཟད་དང་འགག་རྩ་གཏོར་ཕོད་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་དམིགས་འབེན་མ་ལག་དང་བྱ་བའི་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། བཅོས་སྒྱུར་གྱི་གྲུབ་འབྲས་སྔར་ལས་གསལ་བར་བྱེད་དགོས། རང་ཞིང་གིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་གང་ལེགས་བྱས་ཏེ། དུས་ལྟར་སྤྱི་སྡོམ་དང་ཉམས་མྱོང་ཁྱབ་གདལ་དུ་གཏོང་བ་དང་། བཅོས་སྒྱུར་ལས་ཐོན་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱེད་པ། སྲིད་ཇུས་ཀྱི་ཁེ་བཟང་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་དང་འཕེལ་རྒྱས་ཀྱི་འཇོན་ནུས་ངོ་མར་འགྱུར་བར་བྱེད་དགོས། མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གོ་གནས་ལ་སྟངས་འཛིན་ནན་མོ་བྱས་ཏེ། མཐོ་ས་དང་གནས་བཞི་སོགས་ཀྱི་དམིགས་འབེན་གཅིག་སྡུད་བྱས་ཏེ་བཅོས་སྒྱུར་གྱི་ཁ་ཕྱོགས་དང་གཙོ་གནད་འཆར་འགོད་བྱེད་པ་དང་། ཁྱད་ཆོས་འབུར་ཐོན་དང་དགེ་མཚན་འབུར་ཐོན་ཡོང་བར་བྱེད་པ། གསར་གཏོད་ལེགས་བརྩོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་། མ་ལག་རང་བཞིན་གྱི་མཐུན་སྦྱོར་ཆུ་ཚད་ཇེ་མཐོར་གཏོང་བ། འགན་འཁྲི་དངོས་འབེབ་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་མཚོན་བྱེད་རང་བཞིན་གྱི་བཅོས་སྒྱུར་གྲུབ་འབྲས་ཁག་ཅིག་འབད་པས་བསྐྲུན་པ་དང་། མཚོ་སྔོན་གྱི་དོན་དངོས་དང་འཚམ་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ཡོད་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ། རང་སྟེང་གི་མི་འདང་ས་ངོས་ཟིན་པར་བྱེད་དགོས་པར་མ་ཟད། རང་སྟེང་གི་དགེ་མཚན་ལ་སྔར་ལས་གསལ་ཆ་ཡོད་པར་བྱས་ཏེ། དངོས་ཡོད་གསར་གཏོད་རང་བཞིན་དང་ཟུང་འབྲེལ་གྱིས་བཅོས་སྒྱུར་གྱི་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་བསྐྲུན་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་ལྔ་གཞི་གཅིག་གི་རྣམ་པར་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་ནང་། ཐོལ་བརྒལ་རང་བཞིན་ཤས་ཆེ་ཞིང་། སྐུལ་ཁྲིད་ཀྱི་ནུས་པ་ཤུགས་ཆེན་ཐོན་པའི་རྩ་ཆེའི་བཅོས་སྒྱུར་དང་ཁྱད་ལྡན་ཉམས་མྱོང་ཁག་ཅིག་འབད་པ་ཆེན་པོས་གྲུབ་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བཟང་པོ་བྱེད་པ་ནི། མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་སློབ་སྦྱོང་དང་དྲིལ་སྒྲོག་དམ་འཛིན་བྱེད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་གྲོས་གཞི་དང་པོའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་པ། ཆེད་དོན་གསོ་སྦྱོང་དང་དྲིལ་སྒྲོག་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བར་རྩ་འཛུགས་ཡག་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡུལ་ལུང་གང་སར་ཁྱབ་པར་བྱེད་པ་དང་ལས་རིགས་སོ་སོར་བརྒྱུད་སྒྲོག་གང་ལེགས་བྱེད་དགོས། རྟོག་དཔྱོད་ཞིབ་འཇུག་ཤུགས་དྲག་ཏུ་གཏོང་དགོས་སྟེ། གཞི་རིམ་དུ་བསྐྱོད་པ་བཞི་ལག་བསྟར་ཟབ་མོ་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། བཅར་འདྲི་ཆེན་པོ་དང་རྟོག་ཞིབ་ཆེན་མོ། ཞབས་ཞུ་ཆེན་མོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མཐུན་སྦྱོར་རྒྱ་ཆེར་བྱེད་པ་དང་། བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་བློ་འདོན་ཇུས་འབུལ་བྱེད་དགོས། གཏིང་ཟབ་ཚུར་སྒྱུར་ལེགས་པོར་བསྒྲུབ་སྟེ། རང་ཞིང་གི་བཅོས་སྒྱུར་ཉམས་མྱོང་དང་བྱེད་ཐབས་ལ་མ་ལག་ལྡན་པའི་སྤྱི་བསྡོམས་བྱེད་པ་དང་། བཅོས་སྒྱུར་གྱི་གནད་དོན་གཙོ་བོར་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཡང་བསྐྱར་གཅིག་སྡུད་དང་ཡང་བསྐྱར་དཔྱད་ཞིབ། ཡང་བསྐྱར་འཆར་འགོད་བྱེད་པ་བརྒྱུད་དེ། དོན་དངོས་སུ་རང་ས་གནས་དང་རང་སྡེ་ཁག་གི་བཅོས་སྒྱུར་ཁོང་དུ་ཆུད་པ་དང་། ཇུས་འགོད་བཟང་པོ་དང་འཆར་འགོད་བཟང་པོ། ལག་བསྟར་བཟང་པོ་བྱས་ཏེ། བཅོས་སྒྱུར་གྱི་རེའུ་མིག་དེ་ཇུས་གཞི་རུ་འགྱུར་བར་བྱེད་པ་དང་བཅོས་སྒྱུར་གྱི་ཇུས་གཞི་དེ་དོན་དངོས་སུ་འགྱུར་བར་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱེད་དགོས་ཏེ། བཅོས་སྒྱུར་གྱི་ལག་བསྟར་གཙོ་གཞི་དང་འགན་འཁྲི་ཁག་སོ་སོ་གསལ་བོ་བྱས་ཏེ། དུས་ཚོད་གཏན་ཁེལ་གྱིས་བཅོས་སྒྱུར་གལ་ཆེན་དངོས་འབེབས་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་ཆབ་སྲིད་སྐོར་ཞིབ་བྱེད་དགོས་ཤིང་། གཙོ་གནད་ཡོད་པ་དང་གོ་རིམ་ཡོད་པ། སྒྲིག་རིམ་ཡོད་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། གོང་འོག་རིམ་པའི་བཅོས་སྒྱུར་ཕན་ཚུན་འབྲེལ་ཆགས་པར་བྱེད་པ་དང་། ཕན་ཚུན་ལ་ཡར་སྐུལ་བྱེད་པའི་རྣམ་པ་བཟང་པོ་ཞིག་གྲུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།