ཁྲིན་ཀང་གིས་ལན་ཀྲོའུ་སློབ་ཆེན་གྱི་སློབ་གཙོ་ཡཱན་ཁྲུན་ཧྭ་འཁོར་དང་བཅས་པར་བཞུགས་མོལ་བྱས།
2024.07.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ7པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་དུ་ལན་ཀྲོའུ་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཡཱན་ཁྲུན་ཧྭ་འཁོར་དང་བཅས་པར་བཞུགས་མོལ་བྱས།

ཁྲིན་ཀང་གིས་ཡཱན་ཁྲུན་ཧྭ་འཁོར་དང་བཅས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོར་མཚོ་སྔོན་གྱི་སློབ་གསོའི་བྱ་བཞག་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་བྱ་བཞག་ལ་མཐོང་ཆེན་ཚད་མེད་གནང་ཞིང་། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པའི་ས་ཚིགས་དང་པོ་དེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ཡིན་ཞིང་། གནས་དེ་ནས་བྱིས་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། བྱིས་པ་རྣམས་ལ་སེམས་ཤུགས་སྐྱེད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་བཞག་རྒྱུད་འཛིན་མཁན་དང་འཛུགས་སྐྲུན་མཁན་དུ་འགྱུར་དགོས་པའི་སྐུལ་མ་གནང་། མཚོ་སྔོན་ལ་མཚོན་ན། སློབ་གསོ་ནི་དམངས་ཚིས་བྱ་བ་ཡིན་པར་མ་ཟད། དཔལ་འབྱོར་བྱ་བ་དང་ཆབ་སྲིད་བྱ་བའང་ཡིན་པ་ང་ཚོས་གསལ་བོར་རྟོགས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ལམ་ལུགས་དང་རྐྱེན་སྲོལ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ང་ཚོས་བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ཕན་ནུས་ངེས་ཅན་ཐོན་པར་ཡིད་ཆེས་བརྟན་པོ་བྱས་ཡོད། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལན་ཀྲོའུ་སློབ་ཆེན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྨང་གཞི་ལེགས་པོའི་སྟེང་། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་དང་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ནུབ་བྱང་ས་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཉམ་དུ་བྱས་རྗེས་འཇོག་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཡཱན་ཁྲུན་ཧྭ་ཡིས་བསྟན་དོན། ལན་ཀྲོའུ་སློབ་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་བྱང་ཁུལ་ནས་སློབ་ཆེན་རྩེ་གྲས་འཛུགས་དགོས་ཞེས་པའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མཚོ་སྔོན་དང་མཉམ་དུ་ཐེངས་གཉིས་ལ་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་དང་། འཇོན་མི་སྐྱེད་སྲིང་། ཚན་རིག་ཞིབ་འཇུག་འགག་སྒྲོལ་སོགས་ཐད་ནས་མཉམ་ལས་གཏིང་ཟབ་བྱས། གོ་རིམ་རྗེས་མར། ལན་ཀྲོའུ་སློབ་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཆུ་ཚོད་གཅིག་གི་མྱུར་བགྲོད་ལྕགས་ལམ་ལམ་ཐག་གི་འགྲིམ་འགྲུལ་སྟབས་བདེའི་དགེ་མཚན་བེད་སྤྱོད་བྱེད་ཅིང་། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་དང་སློབ་གསོ་ཕྱོགས་ཀྱི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། ནུབ་བྱང་ས་ཁུལ་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་རེ་འདུན་དེ་ལན་ཀྲོའུ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་བྱེད་པ་དང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་དགོས་ཟེར།

ལྷ་མོ་འཚོས་བསྒྱུར།