ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2024.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ7པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཐེངས་ཉེར་དགུ་པའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད་ལ། དམངས་ཆེན་གྱི་འགན་ནུས་ལ་གཞི་ཚུགས་ཏེ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་འགན་འཁྲི་ཧུར་ཐག་སྒོས་འཁུར་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ལངས་གནས་མཐོ་རུ་གཏོང་བ་དང་། རང་འགུལ་ངང་ལས་གནས་སུ་ཞུགས་པ། འགན་འཁྲི་ཕྲག་ཏུ་འཁུར་བ། བྱ་བ་ལེགས་པོ་བསྒྲུབ་པ་བཅས་བྱས་ཏེ་སློབ་སྦྱོང་དྲིལ་བསྒྲགས་དེ་དམངས་ཆེན་ཁོངས་གཏོགས་སུ་ལག་ལེན་མཐར་ཕྱིན་བྱེད་རྒྱུར་སྔར་ལས་སྐུལ་འདེད་གཏོང་དགོས། གཅིག་ནི“དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ”དང་། “ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུ”སོགས་བཀོད་སྒྲིག་བླང་བྱར་དམིགས་ཏེ་ཚྭ་མཚོ་དང་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཁྲིམས་འཛུགས་ལས་འགན་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ་ལ་རྟོག་ཞིབ་ཡག་པོ་བྱེད་དགོས། གཉིས་ནི“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ”དང་། “དམངས་འཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ”སོགས་བཀོད་སྒྲིག་བླང་བྱར་དམིགས་ཏེ་འཐུས་མིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་པ་དང་། གྲོས་གཞི་དང་གྲོས་འགོ་འདོན་པ་དང་ལས་སྒྲུབ་སྤུས་ཚད་མཐོ་རུ་གཏོང་དགོས། གསུམ་ནི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུའི”བཀོད་སྒྲིག་བླང་བྱར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་ཤུགས་སྣོན་རྒྱག་དགོས། བཞི་ནི“ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཏང་གི་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུའི”བཀོད་སྒྲིག་བླང་བྱར་དམིགས་ནས། དམངས་ཆེན་ལས་བྱེད་པས་བཅོས་བསྒྱུར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཤ་བོ་གསེར་མཚོས་བསྒྱུར།