ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་དེ། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་པའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་སྒྲོག་བྱས་ཏེ། 2024ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལས་ཏང་ཀྲུང་དབྱང་གི་གསང་སྡོམ་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཟབ་སྤེལ་བྱས་ནས། 2024ལོའི་ཟླ2པར་བཟོ་བཅོས་བརྒྱབ་ནས་དངོས་སུ་ཁྱབ་སྒྲོག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་སྔར་ལས་དོན་འཁྱོལ་བྱས་ཡོད་ཅིང་། བཅའ་ཁྲིམས་དེར་ཁྱོན་བསྡོམས་ལེའུ6དང་དོན་ཚན74ཡོད།
《སྲོལ་ཡིག》གིས་གཅིག་ནས་ཏང་གིས་དོ་དམ་བྱེད་པའི་གསང་སྡོམ་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཀྲུང་དབྱང་གི་གསང་སྡོམ་ལས་དོན་གྱི་འགོ་ཁྲིད་ལས་ཁུངས་དང་ས་གནས་ཀྱི་རིམ་པ་སོ་སོའི་གསང་སྡོམ་ལས་དོན་འགོ་ཁྲིད་ལས་ཁུངས་ཀྱི་ཞིབ་ཕྲའི་འགན་འཁྲི་སྔར་ལས་ཁ་གསལ་ཅན་དུ་བཏང་ཡོད་ལ། སྡེ་ཁག་དང་ལུས་ཁུངས་ཀྱི་གསང་སྡོམ་ལས་དོན་གྱི་གཙོ་འགན་སྔར་ལས་ནན་བཤད་བྱས་ཡོད། གཉིས་ནས་གསང་སྡོམ་དོན་ཚན་གྱི་ཁྱབ་ཁོངས་གཏན་འབེབས་དང་བཟོ་བཅོས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། གསང་སྡོམ་དོན་ཚན་གྱི་ཁྱབ་ཁོངས་ཁྲོད་གཏན་འབེབས་བྱེད་དགོས་པའི་ནང་དོན་གཙོ་བོ་སྔར་ལས་ཁ་གསལ་ཅན་དུ་བཏང་ཡོད་ལ། གསང་བ་གཏན་འཁེལ་བྱེད་དབང་ཡོད་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གསང་བའི་དོན་ཚན་རེའུ་མིག་གཏན་འབེབས་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་བཟོ་བཅོས་ཀྱང་རྒྱག་དགོས། གསུམ་ནས་གསང་བ་དམ་པོ་རིམ་པའི་རྒྱལ་ཁབ་ཀྱི་གསང་བའི་རྟེན་གཞི་དང་གསང་བའི་དངོས་རྫས། གསང་སྡོམ་གནད་འགག་སྡེ་ཁག་བཅས་ཀྱི་གནས་ཡུལ་གྱི་དོ་དམ་བླང་བྱ་ཁ་གསལ་བཟོས་ཡོད། སྡེ་ཁག་དང་ལས་ཁུངས་ཀྱི་ཆ་འཕྲིན་མ་ལག་དང་ཆ་འཕྲིན་སྒྲིག་ཆས་ཀྱི་རྒྱུན་གཏན་གསང་སྡོམ་དོ་དམ་འགན་འཁྲི་སྔར་ལས་གཟབ་ནན་ཅན་དུ་བཏང་ཡོད། བཞི་ནས་རྒྱལ་ཁབ་ཀྱི་གསང་སྡོམ་ཚད་གཞི་དང་ཚོགས་པའི་ཚད་གཞི། ཁེ་ལས་ཀྱི་ཚད་གཞི་བཅས་གཏན་འབེབས་བྱེད་པའི་རྩ་དོན་དང་བླང་བྱ་སྔར་ལས་ཁ་གསལ་ཅན་དུ་བཏང་ནས། གསང་སྡོམ་ཞིབ་བཤེར་དོན་ཚན་གྱི་ཁྱབ་ཁོངས་དང་ཞིབ་བཤེར་ཚད་གཞི་སྔར་ལས་ཞིབ་ཕྲ་ཅན་དང་འཐུས་ཚང་ཅན་དུ་བཏང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།