ཚེས22ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་འཇར་པན་རྒྱལ་ཚོགས་གྲོས་ཁང་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཧའེ་ཅང་ཐེན་ཝན་ལིས་ལ་མཇལ་འཕྲད་གནང་།
ཟླ7པའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་འཇར་པན་རྒྱལ་ཚོགས་གྲོས་ཁང་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཧའེ་ཅང་ཐེན་ཝན་ལིས་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་བརྩི་སྲུང་ནན་མོ་བྱེད་པ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚོར་སྣང་སྐྱེན་པའི་གནད་དོན་དོ་དམ་ཚོད་འཛིན་དང་ཐག་གཅོད་འོས་འཚམ་བྱེད་པ། དགེ་མཚན་ལྡན་པའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ལམ་བུའི་ཐོག་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་འཇར་པན་རྒྱལ་ཚོགས་དང་མཛའ་བརྩེའི་འགྲོ་འོང་རྒྱུན་འཁྱོངས་དང་ཁྲིམས་འཛུགས་སྒྲིག་གཞིའི་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འཇར་པན་རྒྱལ་ཚོགས་ཀྱི་གྲོས་མི་ཀྲུང་གོར་འཚམས་འདྲིར་ཕེབས་ནས་དོན་དངོས་དང་ཕྱོགས་ཡོངས་ནས་ཀྲུང་གོར་ཤེས་རྟོགས་བྱེད་པར་དགའ་བསུ་ཞུ།
ཧའེ་ཅང་ཐེན་ཝན་ལིས་ཀྱིས་བསྟན་དོན། འཇར་པན་གྱི་གྲོས་ཁང་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་པ། རྒྱལ་དམངས་འགྲོ་འོང་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།