
ཟླ7པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཏང་ཕྱིའི་མི་སྣར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱབ་བསྒྲགས་བྱས།
ཧྲི་ཐའེ་ཧྥུན་གྱིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ལ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་བའི་བརྡ་རྟགས་དྲག་པོ་བཏང་བ་དེ་ནི་དུས་རབས་གསར་པ་དང་བསྐྱོད་ལམ་གསར་པར་དར་ཆ་གང་ཞིག་བསྒྲེངས་དགོས་པ་དང་། ལམ་བུ་གང་འདྲ་ཞིག་ལ་བསྐྱོད་དགོས་པའི་སྐོར་སླར་ཡང་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་དང་། དུས་རབས་གསར་པ་དང་བསྐྱོད་ལམ་གསར་པའི་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་དཔུང་འཇུག་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཆོད་དོན》ནི་སྐྱོད་ལམ་གསར་པའི་ཐོག་སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཁག་ཁུར་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།
ཤ་བོ་གསེར་མཚོས་བསྒྱུར།