ཟླ7པའི་ཚེས21ཉིན་ནས་ཚེས23ཉིན་བར། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་མཚོ་སྔོན་གྱི་ལས་ཞུགས་སོགས་དམངས་ཚིས་བྱ་བར་རྟོག་ཞིབ་བྱས། ཧྲིན་དབྱི་ཆིན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལེགས་སྒྱུར་བྱེད་པ། དམངས་ཚིས་ལ་དངོས་སུ་འགན་སྲུང་དང་ལེགས་བཅོས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཧྲིན་དབྱི་ཆིན་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་ཁུལ། ཟི་ལིང་གྲོང་ཁྱེར་བཅས་ལ་སོང་སྟེ། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་གསོ་སྐྱོང་རྟེན་གཞི་དང་། མཚོ་སྔོན་གཙགས་དྲུབས་ཁེ་ལས། ཁྱིམ་སྲིད་དངོས་སྦྱོང་རྟེན་གཞི། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་རིགས་རྣམ་གྲངས་སོགས་ཀྱི་ལས་ཞུགས་སྐུལ་འདེད་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཤིང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཚོང་རྟགས་རྒྱུན་མཐུད་ངང་གསོ་སྐྱོང་བྱས་ཏེ། ཐོན་ལས་ཀྱིས་ལས་ཞུགས་སྦས་ཤུགས་ལ་སྐུལ་ཁྲིད་བྱེད་པའི་དགེ་མཚན་སྔོག་འདོན་གང་ལེགས་བྱེད་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པ། ལས་ཞུགས་མི་སྣའི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཧྲིན་དབྱི་ཆིན་ཡུལ་གཞན་གནས་སྤོར་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ལས་ཞུགས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་བྱས་ཏེ། གནས་སྤོར་མང་ཚོགས་བརྟན་འཇགས་སྒོས་སྡོད་ཐུབ་པ་དང་། ལས་ཞུགས་བྱེད་ཐུབ་པ། ཕྱུག་འགྱུར་བྱེད་ཐུབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས།
རྟོག་ཞིབ་ཁྲོད། ཧྲིན་དབྱི་ཆིན་གྱིས་མཚོ་སྔོན་གྱི་ལས་ཞུགས་སོགས་དམངས་ཚིས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ཚིས་ཆེ་ཕྱོགས་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཁྲོད་དམངས་ཚིས་ལ་འགན་སྲུང་དང་དེ་ལེགས་བཅོས་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་སྐུལ་འདེད་ཀྱི་རྐྱེན་སྲོལ་བཟང་པོ་འཐུས་ཚང་དུ་གཏོང་བ། ལས་ཞུགས་བརྟན་པོར་གཏོང་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་མཐའ་འཁྱོལ་བྱེད་པ། མཐོ་རིམ་མཐར་ཕྱིར་སློབ་མ་དང་། ཞིང་པ། དཀའ་ཁག་ཅན་གྱི་མི་སྣ་སོགས་ཚོགས་ཁག་གཙོ་བོའི་ལས་ཞུགས་བྱ་བ་དམ་འཛིན་བྱས་ཏེ། སྤྱི་ཕན་རང་བཞིན་གྱི་ལས་རྐང་ལས་ཞུགས་འགན་སྲུང་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཐུན་སྦྱོར་མཉམ་ལས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། དབུལ་ཐར་མི་འབོར་གྱི་ངལ་རྩོལ་གཞི་རྒྱ་ཇེ་བརྟན་དུ་བཏང་ནས། ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་བློ་བརྟན་འགྱུར་མེད་སྒོས་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།