མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཟླ7པའི་ཚེས23ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཝང་ཅིན་ཀྲེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མི55གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་བཅད་ཀྱི་མི་གྲངས་དང་མཐུན།
ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
གྲོས་ཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བཟང་བོ་བྱེད་པ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ཞིང་། ཆབ་སྲིད་ལངས་གནས་མཐོར་འདེགས་དང་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་པ། རང་རྟོགས་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་གཞིར་འཛིན་དཔེ་ལྟ་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་དེ་རྒྱལ་ཡོངས་ཀྱི་བཅོས་སྒྱུར་ཆེན་མོའི་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་སྟེ། རང་འགུལ་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་བཅོས་སྒྱུར་ཟབ་སྤེལ་བྱེད་པར་དམངས་ཆེན་གྱི་ལོ་རྒྱུས་འགན་འཁྲི་སྩོལ་དགོས་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཤིང་། འཐུས་མིའི་བྱ་བ་བཟང་བོར་སྒྲུབ་པ་དེ་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་འཛིན་སྣེ་གལ་ཆེན་དུ་བྱས་ཏེ། མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། ཧུར་ཐག་སྒོས་རིམ་པ་སྔར་ལས་ཟབ་པ་དང་ཁྱབ་ཁོངས་སྔར་ལས་ཆེ་བ། ནང་དོན་སྔར་ལས་ཕུན་སུམ་ཚོགས་པའི་དངོས་ཡོད་རྣམ་པ་འཚོལ་ཞིབ་བྱས་ཏེ། ཟོལ་མེད་ཀྱིས་མི་དམངས་བདག་པོ་བྱེད་པ་དེ་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་ལས་མངོན་པར་བྱས་ནས་ཟོལ་མེད་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
དམངས་ཆེན་བྱ་བའི་ངེས་གནས་དང་ཁྱད་ཆོས་ནས་འགོ་བརྩམས་ཏེ། རེ་རེ་བཞིན་ལེགས་སྒྲིག་དང་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་བཀོད་སྒྲིག་དང་རེ་བར་དམིགས་ནས། ཁྱབ་ཁོངས་གཙོ་བོ་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཐབས་ཇུས་ཟུང་འབྲེལ་གང་ལེགས་བྱས་ནས། བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དམངས་ཆེན་བྱ་བའི་འགོ་རྩོམ་ས་དང་ཤུགས་འདོན་ས་ལེགས་བཅོས་དང་སྐུལ་འདེད་བྱེད་པར་འཆར་འགོད་བྱེད་དགོས་ལ། རང་འགུལ་གྱིས་ཡར་བརྩོན་དང་དམངས་ཆེན་གྱི་བརྩོན་སེམས་མངོན་པར་བྱེད་དགོས། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཟུང་འབྲེལ་བྱས་ཏེ། གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྣེ་ཁྲིད་ནས་དྲིལ་སྒྲོག་སྒྲོག་འགྲེལ་བྱེད་པ། དངོས་འབེབས་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཀྲུའུ་རིན་གཞོན་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམངས་ཆེན་འཐུས་མི་བཅས་སོ་སོས་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས། སྣེ་ཁྲིད་དེ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་སྣེ་ཁྲིད་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཟབ་མོ་ལེན་པའི་ཐད་ནས་ཀུན་གྱི་མདུན་དུ་བསྐྱོད་པ་དང་གཞན་ལ་དཔེ་སྟོན་བྱེད་དགོས།
གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་པའི་འབྲེལ་ཡོད་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། འབྲེལ་ཡོད་མི་སྣས་གཏམ་བཤད་སྤེལ། གྲོས་ཚོགས་ནས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་དོན་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་ཞིབ་བཤེར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་སོགས་ལ་ཉན། གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ས་གནས་སྲིད་གཞུང་གི་དངུལ་འཛིན་འགྲེམ་སྤེལ་བྱེད་པ་དང་དགོས་ངེས་ཀྱི་སྔོན་རྩིས་འགྲོ་སོང་སྐོར་གྱི་སྙན་ཞུ་སོགས་ཀྱི་གྲོས་ཞིབ་མཇུག་འབྲས་སྙན་ཞུ་པར་སྐྲུན་འགྲེམ་སྤེལ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མ་ལིའུ་མཱེ་ཕེན་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།