ཟླ7པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲོས་རྫོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་བརྡིབས་པའི་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བྱེད་ཐབས་ཁག་སྣ་ཚོགས་དངོས་འབེབས་ཞིབ་ཚགས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དོན་དངོས་ཀྱིས་འགན་སྲུང་བྱེད་དགོས། མིག་སྔར་རང་ཞིང་ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་འགོའི་ཞོད་འགོག་གི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཞོད་འགོག་འགན་འཁྲི་ནན་དཀྲི་བྱས་ཏེ། ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་བློ་ཤུགས་དྲག་ཏུ་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་མེད་པར་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ཏེ། ལྟ་ཞིབ་སྔོན་བརྡ་ཤུགས་དྲག་ཏུ་གཏོང་བ་དང་། ཆ་འཕྲིན་སྐྱེལ་ཞུ་དང་འཕྲལ་བསྟུན་ལས་རེས་ནུས་ལྡན་དུ་གཏོང་བ། རིགས་སོ་སོའི་མངོན་མེད་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། ཞོར་ཐོན་ས་གཤིས་གནོད་འཚེ་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། སྡེ་ཁག་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཕྲལ་བསྟུན་དང་གསལ་འདེབས་ཀྱི་རྐྱེན་སྲོལ་དངོས་འབེབས་ནན་མོ་བྱེད་པ་དང་། མང་ཚོགས་ཀྱི་གནོད་འགོག་ཉེན་གཡོལ་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཇེ་ཆེར་བཏང་ནས། བདེ་འཇགས་སྒོས་ཆར་ཞོད་དུས་ཚིགས་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་སྦྲེལ་ནས་དེ་ཁོང་དུ་ཆུད་པར་བྱེད་པ་དང་། ལག་བསྟར་དངོས་འབེབས་བྱས་ཏེ། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་ཁྲིམས་དང་བྱ་སྤྱོད་ཐད་ཀྱི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱར་ཕན་ནུས་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་རྩིས་བཤེར་བྱ་བ་དམ་འཛིན་བྱས་ཏེ། མང་ཚོགས་ཉེ་གམ་གྱི་རུལ་སུངས་དང་ཚུལ་མིན་བྱ་སྤྱོད་ལ་རྩད་ཞིབ་ནན་མོ་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་བྱ་བའི་གནད་འཁེལ་ཚད་ཇེ་མཐོར་བཏང་ནས། རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་ཤུགས་ཡོད་པར་བྱེད་དགོས། རྩིས་བཤེར་དག་ཐེར་ལས་དོན་ཡག་པོར་སྒྲུབ་སྟེ། རྩིས་བཤེར་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། སྐོར་ཞིབ་སྐོར་སྐྱོད། ཁྲིམས་འཛིན་ལྟ་སྐུལ་སོགས་གཅིག་སྒྲིལ་མཐུན་སྦྱོར་བྱེད་པར་སྔར་ལས་སྐུལ་འདེད་བཏང་ནས། ལམ་ལུགས་ལག་བསྟར་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། ཚད་གཞི་སྔར་ལས་མཐོན་པོ་དང་བླང་བྱ་སྔར་ལས་ནན་མོས་དཔུང་ཁག་འཛུགས་སྐྲུན་ལས་དོན་ཤུགས་དྲག་ཏུ་བཏང་སྟེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས། ཕྱོགས་སོ་སོ་ནས་སྤུས་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆུའི་ཐོན་ཁུངས་རྩ་འཛིན་རང་བཞིན་གྱི་བཀག་རྒྱའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་བཅས་ཀྱི་སྒྲིག་རིམ་ཕན་ནུས་ལྡན་པ་དང་ཚད་ལྡན་དུ་བཏང་ནས། ཐོན་སྐྱེད་ཐད་དང་འཚོ་བའི་ཐད། སྐྱེ་ཁམས་ཐད་ནས་ཆུ་བཀོལ་བར་གཅིག་འདོམས་གང་ལེགས་དང་འགན་སྲུང་གང་ལེགས། འཆར་འགོད་གང་ལེགས་བྱེད་དགོས། ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བྱས་ཏེ། ལྟ་སྐུལ་དོ་དམ་ཕན་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་གནོད་འཚེ་སོགས་ཀྱི་བཅོས་སྐྱོང་བྱ་བ་གཅིག་གྱུར་གྱིས་ཡག་པོར་སྒྲུབ་དགོས།
གྲོས་ཚོགས་ལས2024ལོའི་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བའི་སྙན་ཞུར་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་བླངས་པར་ཁས་ལེན་གང་ལེགས་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་སྒོས་དངོས་འབེབས་བྱེད་པར་དམིགས་ཏེ། གཟབ་ནན་གྱི་ཆབ་སྲིད་སྒྲིག་ཁྲིམས་ཀྱིས་ཆབ་སྲིད་འགན་འཁྲི་ནན་དཀྲི་ཁག་ཁུར་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་སྣེ་ཁྲིད་ཀྱི་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། གནད་འགག་ལས་གནས་དང་གཙོ་གནད་ཁྱབ་ཁོངས། འབུར་ཐོན་གནད་དོན་བཅས་ལ་དམིགས་ཏེ། རྒྱུ་རྐྱེན་འཐུས་ཚང་དང་བྱེད་ནུས་ཆ་ཚང་། ཚན་རིག་ཚུལ་ལྡན། འཁོར་སྐྱོར་ཕན་མཐོ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། འགོ་མཇུག་བར་གསུམ་དུ་གཟབ་ནན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱ་བ་དམ་འཛིན་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་གྲུབ་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་ཡུན་རིང་དོ་དམ་བྱེད་པའི་ལམ་ལུགས་རྐྱེན་སྲོལ་དུ་འགྱུར་བར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་སྒྲིག་ཁྲིམས་ནན་མོ་དེ་ཉིན་རྒྱུན་གྱི་གོམས་སྲོལ་དང་བྱ་སྤྱོད་ཚད་གཞི་རུ་འགྱུར་བར་སྐུལ་འདེད་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།