ཟླ7པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་པེ་ཅིང་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀུང་ཆི་ཧོང་སོགས་དང་བཞུགས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀུང་ཆི་ཧོང་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། པེ་ཅིང་སློབ་ཆེན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་ནས་མཚོ་སྔོན་ལ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཁ་གསལ་བཟོས་པ་དང་། མཐོ་ས་བསྐྲུན་པ་དང“གནས་བཞི”འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་སྟོན་གནང་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གསུམ་པ་གནང་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་བས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་ཚོར་མདུན་སྐྱོད་ཀྱི་སྤྲོ་སེམས་དང་ངར་ཤུགས་ཆེ་རུ་བསྐྱེད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཆར་གཞི་རླབས་ཆེན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སློབ་གསོ་ནི་རྨང་གཞི་དང་། ཚན་རྩལ་ནི་འགག་རྩ། ཤེས་ལྡན་མི་སྣ་ནི་རྩ་བ་བཅས་ཡིན། ཕྱོགས་གཉིས་ཀས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་འབྲེལ་ཡོད་བཅོས་སྒྱུར་དམིགས་འབེན་དང་ལས་འགན་ལ་དམིགས་ནས། རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་ཏེ་རང་སོ་སོའི་དགེ་མཚན་འདོན་སྤེལ་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སློབ་གསོ་སློབ་ཁྲིད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར།
ཀུང་ཆི་ཧོང་གིས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་པེ་ཅིང་སློབ་ཆེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་། པེ་ཅིང་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་སློབ་གྲྭ་གཉེར་བའི་རྩ་བའི་བསྲུང་བྱ་རུ་བརྩིས་ནས། རྩེར་སོན་རིག་ཚན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་ནས་རིག་ཚན་གྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། པེ་ཅིང་སློབ་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེ་སྔོན་མཚོ་སྔོན་དང་མཉམ་ལས་ཡག་པོ་བྱས་པའི་རྨང་གཞིའི་ཐོག རང་ངོས་ཀྱི་ལེགས་ཆ་དེ་མཚོ་སྔོན་གྱི་འཕེལ་རྒྱས་དང་སྔར་ལས་འབྲེལ་མཐུད་བྱས་ནས་ཕྱོགས་གཉིས་ཀའི་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་རམ་སྔར་ལས་ལེགས་པོ་བྱ་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ཀྲའོ་ཡུའེ་ཞ་དང་ཀྲུའུ་ཞང་ཧྥིན། པེ་ཅིང་སློབ་ཆེན་གྱི་འགོ་ཁྲིད་ཀུའུ་ཐའོ་དང་ཉིང་ཆི། ཕེའོ་ཧྲི་ལུང་བཅས་ཞུགས་ཡོད།
ཤ་བོ་རིན་མཚོས་སྒྱུར།