རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་འགོ་བརྩམས།
2024.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཟླ7པའི་ཚེས23ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་འགོ་བརྩམས་པ་དང་། ཆེད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་བཅས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གདན་ཞུས་ལྟར་འགོ་རྩོམ་ཚོགས་འདུར་ཞུགས་ནས་སྙན་ཞུ་ཕུལ།

ཝང་ཧུའུ་ཉིང་གིས་འགོ་འཛིན་གསུང་བཤད་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་སོགས་གནད་དོན་གལ་ཆེན་ལ་རྒྱས་བཤད་ཟབ་མོ་གནང་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་ཆོད་དོན》ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ལས་དོན་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་དཔུང་འཇུག་བྱེད་པའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱ་རྒྱུ་ནི། དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱིས་རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པའི་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་སྟེང་ནས་གཅིག་གྱུར་ཡོང་བར་འབད་དེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།

ཚའེ་ཆི་ཡིས་སྙན་ཞུའི་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པར་མ་ཟད། གཏན་འབེབས་ཀྱང་བྱས་པ་དེའི་སྟེང་ནས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་རྟོགས་གང་ལེགས་སྒོས་མཚོན་ཐུབ་ཡོད་ཅིང་། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོའང་གང་ལེགས་སྒོས་མཚོན་ཐུབ་ཡོད།

ཚའེ་ཆི་ཡིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ནང་དུ། 2035ལོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་དམིགས་འབེན་གཏན་འཁེལ་བྱས་ཡོད་ཅིང་། མ་འོངས་པའི་ལོ5ཡི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད་པ་དེ་ནི། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་གྱི། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ལེའུ་ཞིག་ཡིན་ལ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན།

ཚའེ་ཆི་ཡིས་བསྟན་དོན། བཅོས་སྒྱུར་བྱེད་པར་ཇུས་འགོད་དང་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། ལག་བསྟར་དོན་འཁྱོལ་ལ་སྔར་ལས་དམ་འཛིན་གང་ལེགས་བྱེད་དགོས། བཅོས་སྒྱུར་གྱི་བླང་བྱ་གསལ་པོ་ཁོང་དུ་ངེས་པར་བྱེད་པ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། འཚོལ་ཞིབ་གསར་གཏོད་ལ་བསྔགས་སྐུལ་བཅས་བྱས་ནས། ཕན་འབྲས་དངོས་འཐོབ་གང་ཐུབ་བྱེད་དགོས།

འགོ་རྩོམ་ཚོགས་འདུའི་སྟེང་ད་དུང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི2024ལོའི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཏུང་ཧྥུན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིའི་སྐོར་ནས་སྙན་ཞུ་ཕུལ་བ་དང་གསལ་བཤད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པཱ་ཐིར། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།