ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་འགོ་རྩོམ་ས་གསར་པའི་སྟེང་འགྲེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དངོས་གནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་རང་རྒྱལ་གྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པ་ནི་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེའང་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ན། སྔར་བཞིན་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས་ན། ངེས་པར་དུ་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་དགོས། ཚང་མས《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་བྱེད་ཐབས་ཁག300ལྷག་ཙམ་བརྒྱུད་ནས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འཆར་གཞི་གསལ་པོ་མངོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གྱིས་མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པ་ཞིག་རེད།
བཅོས་སྒྱུར་སྒོ་འབྱེད་ལ་ལག་བསྟར་བྱེད་པའི་དུས་མ་གཏོགས་ཡོངས་འགྲུབ་བྱེད་པའི་དུས་མེད། དེང་གི་ཀྲུང་གོར་བལྟས་ཚེ། ཚན་རྩལ་མཁྲེགས་གཏོར་ནས་སྐྱེ་ཁམས་སྲུང་སྐྱོབ་བར་དང་། ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ་ནས་སྒོ་འབྱེད་ཀྱི་མདུན་སའི་བར་ལས་རིགས་སོ་སོའི་མི་རྣམས་ཀྱིས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་ཕུལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཆགས་པར་བྱས་ཡོད།
བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ལ་སྔར་ལས་ལྷག་པའི་འཚོ་བ་བཟང་པོ་རོལ་དུ་འཇུག་པའི་ཆེད་ཡིན། ཚང་མས2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུར་དམིགས་ཏེ། ཁ་ཕྱོགས་གནད་ལ་འཁེལ་བ་དང་བདེན་སྲུང་གསར་གཏོད། དངོས་སྒྲུབ་དངོས་གཉེར་བཅས་བྱས་ནས། སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།