ཟླ7པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྥིན་ཏི་ལའེ་ཨེན་ཡང་བསྐྱར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནུས་པ་དང་ཤུགས་རྐྱེན་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། མིག་སྔར། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པ་དང་། ཕྱོགས་གཉིས་ཀྱི་གྲོས་མོལ་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གཉིས་ཕན་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ། ཕྱོགས་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་འཛམ་གླིང་གི་བརྟན་བརླིང་དར་རྒྱས་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
ཤ་བོ་རིན་མཚོས་བསྒྱུར།