ཟླ7པའི་ཚེས22ཉིན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། ཞིང་ཆེན་གྱི་ལོ་སྟོད་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།
ཚོགས་ཐོག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་ལས་དོན་སྙན་ཞུ་དང་གསུང་བཤད་གལ་ཆེན་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་བྱས་ཡོད། ཚོགས་ཐོག་ཏུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད་པས། སྐྱོད་ལམ་གསར་པའི་སྟེང་སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་། དགོངས་དོན་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས།
ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་རྩོད་སྒྲུབ་དབྱེ་ཞིབ་བྱེད་པ། འཐབ་ཇུས་ཀྱི་སྟོབས་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། “རེའུ་མིག་གཅིག་དང་པར་རིས་གཅིག རྩིས་ཐོ་གཅིག ལམ་སྲོལ་གཅིག”དོན་འཁྱོལ་བྱེད་པ། ལས་འགན་དབྱེ་འབྱེད་རེའུ་མིག་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་། བྱ་བའི་མྱུར་ཚད་ཀྱི་དཔེ་རིས་ཁ་གསལ་བཟོ་བ། འགན་འཁྲི་གསལ་ཁྲ་གཏན་འབེབས་དང་། བྱ་བའི་བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ལ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཁོར་སྐྱོད་ཁྲོད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས། ལས་འགན་བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།
ཚོགས་འདུའི་ཐོག་ཞོད་འགོག་གནོད་སེལ་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་འཛུགས་པ། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་བསམ་གཞིགས་སྔར་ལས་ཆེ་རུ་གཏོང་བ། ཞོད་འགོག་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ལྟ་ཞིབ་ཚད་ལེན་དང་སྔོན་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་པ།མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།