ཟླ7པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ། ཨུ་རུ་སིའི་ཙུང་ལི་གཞོན་པ་ནའོ་ཝ་ཁི་དང་གྲོས་མོལ་གནང་ནས། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པར་མཉམ་དུ་འགོ་འཛིན་བྱས།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་དེ་ཕྱོགས་ཡོངས་དང་ཁྱབ་ཁོངས་ཡངས་པ། གཏིང་ཟབ་པ། ཆུ་ཚད་མཐོ་བ་བཅས་ཀྱི་མཉམ་ལས་རྣམ་པ་ཞིག་ངང་གིས་གྲུབ་ཡོད། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀའི་ནུས་ཁུངས་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་དེ་བསྟུན་གྱི་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། ཆུ་ཚད་མཐོ་བའི་ནུས་ཁུངས་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།
ནའོ་ཝ་ཁི་ཡིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཨུ་རུ་སི་དང་ཀྲུང་གོའི་ནུས་ཁུངས་མཉམ་ལས་ལ་བསྟུད་མུར་སྐུལ་འདེད་བཏང་ནས་དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅིང་ །གནད་འདིའི་སྟེང་ནས་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ཡིད་ཆེས་ཆེན་པོ་བྱས་པ་བཅས་གང་ལེགས་སྒོས་མཚོན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལས་སྟེགས་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནུས་ལྡན་བྱས་ཏེ། རིམ་པ་སྔར་ལས་ཟབ་པ་དང་ཁྱབ་ཁོངས་སྔར་ལས་ཡངས་པའི་ནུས་ཁུངས་མཉམ་ལས་རྒྱ་སྐྱེད་གཏོང་བ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།
ཚོགས་འདུ་གྲོལ་རྗེས། ཏེན་ཞུའེ་ཞང་དང་ནའོ་ཝ་ཁི་གཉིས་ཀྱིས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མཉམ་དུ་ མིང་བཀོད།
བན་དེ་སྐྱབས་ཀྱིས་བསྒྱུར།