ཟླ7པའི་ཚེས24ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ཏེ་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཡང་དག་ལེན་པར་ཁྲིད་སྟོན་བྱས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། སྒྲོག་འགྲེལ་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་སྔར་ལས་ཆེ་རུ་གཏོང་བ། རྩ་བའི་གཞི་གདངས་ཀྱི་ཁྲིད་སྟོན་ལ་སྟངས་འཛིན་གང་ལེགས་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་བརྒྱུད་སྒྲོག་བྱེད་དགོས། སྒྲོག་འགྲེལ་གྱི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཆེ་རུ་གཏོང་བ་དང་། སྒྲོག་འགྲེལ་གྱི་ས་ཁུལ་དང་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གོ་བདེའི་སྐད་ཆ་དང་ཞིབ་ཅིང་ཕྲ་བའི་གཞི་གྲངས། དཔེ་མཚོན་གསོན་པོ་བཅས་བེད་སྤྱོད་བྱེད་མཁས་པར་བྱས་ཏེ། གོ་སླ་བའི་སྒོ་ནས་ཏང་ཀྲུང་དབྱང་གི་དགོངས་དོན་གསལ་པོར་འཆད་རྒྱུ་དང་། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གཏམ་རྒྱུད་དང་། ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཅས་ལེགས་པར་འཆད་དེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་དངོས་གནས་གོ་ཐུབ་པ་དང་ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་ཡིས་ཚོགས་འདུར་འགོ་འཛིན་བྱས། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།
ཀྲུང་དབྱང་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།