ཧན་ཀྲིན་གྱིས་ཧྥ་རན་སིའི་ཏཱ་ཧྥེ་སྡེ་ཚོགས་རྐང་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ལུའུ་ཏའོ་ཧྥུའུ•སཱ་ཏི་ལ་མཇལ་འཕྲད་གནང་།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ས་དེའི་དུས་ཚོད་ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧྥ་རན་སིའི་མཱ་སའེ་རུ། ཧྥ་རན་སིའི་ཏ་ཧྥེ་སྡེ་ཚོགས་རྐང་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ལུའུ་ཏའོ་ཧྥུའུ·སཱ་ཏིར་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ད་ལོའི་ཟླ5པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་བརྗེ་རེས་ཟབ་མོ་གནང་ནས། ཕན་ཚུན་བར་དེ་བསྟུན་གྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་སྟེ། ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་བྱས་ཡོད། ཏཱ་ཧྥེ་སྡེ་ཚོགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོའི་ཁྲོམ་ར་རུ་རྐང་ཚུགས་པར་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་མཉམ་ལས་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕན་པ་དངོས་ཐོབ་མཁན། སྐུལ་འདེད་གཏོང་མཁན་བཅས་ཀྱང་ཡིན། ལོ40ལྷག་གི་རིང་ལ། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་དངོས་ཀྱི་ཁྲོད་ནས་རང་ཉིད་འཕེལ་རྒྱས་བཏང་ཡོད་ལ། འཛམ་གླིང་ལའང་ཕན་པ་ཐོབ་ཡོད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བསྐྲུན་རྒྱུ་དང་། ཏཱ་ཧྥེ་སྡེ་ཚོགས་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོ་རུ་མ་དངུལ་གཏོང་བ་དང་འཕེལ་རྒྱས་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

སཱ་ཏི་ཡིས་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཏཱ་ཧྥེ་སྡེ་ཚོགས་སུ་རྟོག་ཞིབ་གནང་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཏེ་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ལ་གོ་སྐབས་ཀྱིས་ཁེངས་ཡོད་ཅིང་། ཏ་ཧྥེ་སྡེ་ཚོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོའི་བར་དུ་ནུས་ཁུངས་ཚུལ་སྒྱུར་དང་མིས་བཟོས་རིག་ནུས། འཕྲུལ་ཆས་ཀྱི་མི་གསར་སྤེལ་བེད་སྤྱོད་སོགས་ཐད་སྔར་ལས་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་ལས་གཉིས་ཕན་མངོན་འགྱུར་དང་། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་གང་ལེགས་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།