ཏེན་ཞུའེ་ཞང་ཨུ་རུ་སིར་བསྐྱོད་དེ་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀའི་ལམ་སྲོལ་རང་བཞིན་གྱི་ཚོགས་འདུར་མཉམ་དུ་འགོ་འཛིན་གནང་།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ7པའི་ཚེས21ཉིན་ནས་ཚེས23ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཨུ་རུ་སིར་འཚམས་འདྲི་གནང་བ་དང་། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལའོ་ཧྥུའུ་དང་མཉམ་དུ། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་འགོ་འཛིན་གནང་བར་མ་ཟད། ཨུ་རུ་སིའི་ཙུང་ལི་གཞོན་པ་ནའོ་ཝ་ཁི་དང་མཉམ་དུ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པར་འགོ་འཛིན་བྱས་པ་ལས་གཞན། ད་དུང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་དྲུག་པའི་འགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཀྱང་ཕུལ།

ཏེན་ཞུའེ་ཞང་གིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་དང་ནུས་ཁུངས་མཉམ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད། ཕྱོགས་གཉིས་ཀས་དངུལ་གཏོང་མཉམ་ལས་ཀྱི་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། གཙོ་གནད་ལས་གཞིའི་མཉམ་ལས་ལ་ སྐུལ་འདེད་བརྟན་པོ་གཏོང་བ། ས་གནས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། དངུལ་གཏོང་ཁོར་ཡུག་བཟང་པོ་འབད་པས་སྐྲུན་པ། རྒྱལ་ཁབ་གཉིས་ཀའི་དངུལ་གཏོང་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཀྱི་སྟོད་སྨད་བར་གསུམ་གཞི་གཅིག་ཅན་གྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ནུས་ཁུངས་ལག་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་ཧྲིལ་པོའི་ནུས་ཁུངས་བཅོས་སྐྱོང་གི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཆུ་ཚད་དང་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ལ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་འབེབས་གལ་ཆེན་བྱས་པ་དེས་ཀྲུང་གོའི་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཡང་མཁོ་འདོན་ཐུབ་ངེས་ཡིན་ཟེར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། དངུལ་གཏོང་དང་ནུས་ཁུངས་མཉམ་ལས་ལམ་སྲོལ་གྱི་ལས་སྟེགས་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རིམ་པ་སྔར་ལས་གཏིང་ཟབ་པ་དང་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

ཚོགས་འདུའི་རྗེས་སུ། ཏེན་ཞུའེ་ཞང་གིས་སོ་སོར་མན་ཐུའུ་ལའོ་ཧྥུའུ་དང་ནའོ་ཝ་ཁི་གཉིས་དང་མཉམ་དུ། ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མཚན་བཀོད།

བན་དེ་སྐྱབས་ཀྱིས་བསྒྱུར།