སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཝང་ཧུའུ་ཉིང་ཡོ་ནན་དུ་སོང་ནས་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས།
2024.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ7པའིཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡོ་ནན་གྱི་རྒྱལ་ས་ཧི་ནེ་རུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་སོགས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་མི་སྣར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་དང་། ཡོ་ནན་གུང་ཁྲན་ཏང་དང་ཡོ་ནན་མི་དམངས་ཀྱི་རླབས་ཆེན་འགོ་ཁྲིད་པ། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་གྲོགས་པོ་བཅས་ཡིན། ཁོང་སྐུ་གཤེགས་པ་ནི་ཡོ་ནན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཐ་ན་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་གི་གྱོང་གུད་ཆེན་པོ་ཞིག་ཡིན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡོ་ནན་ཏང་གིས་ཡོ་ནན་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་དེ་གའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཡོ་ནན་གྱི་གསར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཏུ། ཡོ་ནན་གུང་ཁྲན་ཏང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་གི་ཏང་སྐྱོང་དགོངས་པའི་འདུ་ཤེས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས། ཡོ་ནན་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་ཁག་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གིས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ཤུགས་ཆེན་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་སྣེ་འདོམས་འོག་ཏུ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་བརླིང་དང་ཡག་པོའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པའི་སྒྲིག་གཞིའི་མཐོ་ཚད་གསར་པ་རུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ནིང་ཡོ་ནན་དུ་འཚམས་འདྲི་གནང་སྐབས། ཕྱོགས་གཉིས་ཀའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་།མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་གཏོང་བ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་དང་དོན་དངོས་དང་བརྟན་པོའི་ངང་སྒྲུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཝང་ཏུང་ཧྥུན་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།