ཧན་ཀྲིན་གྱིས་ཕཱ་རི་སིའི་ཨོ་རྩལ་སྡེ་བའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་གཟིགས་ཞིབ་མཛད།
2024.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ས་དེའི་ཟླ7པའི་ཚེས25ཉིན་གྱི་སྔ་དྲོར།    གདན་ཞུ་ལྟར་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཆེད་དུ་ཨོ་རྩལ་སྡེ་བའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་གཟིགས་ཞིབ་ཏུ་ཕེབས་པ་དང་།    ལུས་རྩལ་པ་དང་རྩལ་ཁྲིད་པ། བྱ་བའི་མི་སྣའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་།    འཐུས་ཚབ་ཚོགས་པའི་འགྲན་བསྡུར་གྲ་སྒྲིག་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད་ཁོ་ཚོ་དང་མཉམ་པར་བསྐྱོན།

ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་ང་རང་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་འགོ་མ་བརྩམས་སྔོན་ཨོ་རྩལ་སྡེ་བར་ཚང་མར་བལྟ་རུ་ཡོང་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ལུས་རྩལ་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པ།  བྱ་བའི་མི་སྣ་ཡོངས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད།     ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཚབ་བྱས་ཏེ་ཚང་མར་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་ཡིན།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་མི་སྣ་ཡོངས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་ངར་ཤུགས་ཆེ་བ།    རྣམ་པ་ལེགས་པ་བཅས་མཐོང་བས་ཧ་ཅང་དགའ་པོ་བྱུང་།    ཚང་མས་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་གྲུབ་འབྲས་བཟང་པོ་ལེན་པར་ཡིད་ཆེས་ཀྱིས་ཁེངས་ཡོད།     ཨོ་རྩལ་འགྲན་ཚོགས་ནི་ཚད་གཞི་ཆེས་མཐོ་བའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་པས། འཛམ་གླིང་གིས་དོ་སྣང་བྱེད་པ་དང་རྒྱལ་དམངས་དུང་ཕྱུར་མང་པོས་དོ་སྣང་བྱེད་ཀྱིན་ཡོད།     ཚང་མས་འགྲན་བསྡུར་ལ་གྲ་སྒྲིག་ནན་མོ་བྱེད་པ་དང་།    སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ།    ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བཅས་བྱས་ནས་འགྲན་བསྡུར་ནང་ཞུགས་པའི་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་རེ་བ་བཅངས་ཡོད། ཨོ་རྩལ་འགྲན་ཚོགས་ནི་ཀྲུང་གོའི་ལུས་རྩལ་པའི་བསམ་བློའི་ཉམས་འགྱུར་བཟང་པོ་མངོན་པའི་གར་སྟེགས་གལ་ཆེན་ཞིག་ཀྱང་ཡིན།     ཚང་མས་གཟབ་ནན་སྒོས་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ཏེ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་།    རང་ཉིད་ལས་བརྒལ་བའི་སྙིང་སྟོབས།    འཐབ་རྩོད་བྱེད་ཕོད་ན་རྒྱལ་ཁ་ཐོབ་ངེས་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས། ཧུར་ཐག་གིས་ལུས་རྩལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་ཏེ་རྒྱལ་ཁབ་སོ་སོའི་ལུས་རྩལ་པ་དང་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་སྣང་བརྙན་བཟང་པོ་མངོན་པར་བྱས་ནས། དཔལ་ཡོན་བརྗེ་རེས་ཀྱི་ཕོ་ཉ་ཡག་པོ་བྱེད་རྒྱུའི་རེ་བ་ཡོད་ཟེར།

ལུས་རྩལ་པ་དང་རྩལ་འཁྲིད་པ།   བྱ་བའི་མི་སྣ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཀྲུའུ་ཞི་གཞོན་པ་ཧན་ཀྲིན་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུས།    ཚང་མས་དྲོད་སྐྱིད་དང་ངར་ཤུགས་ཆེ་རུ་ཕྱིན་ནས་རླབས་ཆེན་མེས་རྒྱལ་སེམས་སུ་བཅངས་ཏེ་གཟི་བརྗིད་ལྡན་པའི་ལས་འགན་མི་བརྗེད་པ།    མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་བཅས་བྱས་ནས། ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་ངོ་མཚར་ཆེ་བའི་གྲུབ་འབྲས་ཐོབ་ཆེད་ཀྲུང་གོའི་ལུས་རྩལ་གྱི་སྟོབས་ཤུགས་དང་ཉམས་འགྱུར་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཉིན་དེའི་ཕྱི་དྲོར། ཧན་ཀྲིན་གྱིས་ད་རུང་ལོ་སི་ཁྲེ་ཨར་ཏི་ཀུང་ཀོན་གྱི་ཀྲུང་གོའི་ཁྱིམ་གཞིས་ལ་ལྟ་སྐོར་བྱས། 

ཤ་བོ་རིན་མཚོས་བསྒྱུར།