
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས25ཉིན་གྱི་སྔ་དྲོར་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས་ཏེ་གཏམ་བཤད། ཝང་ཧུའུ་ཉིང་གིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བའི་འོས་འགན་ཁག་ཁུར་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་རྒྱ་ཆེན་པོ་གསར་འབྱེད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་གསལ་སྒོས་མཚོན་པར་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས། རླབས་ཆེན་གྱི་ལོ་རྒྱུས་རང་འགུལ་དང་། བླ་མེད་ཀྱི་ཆབ་སྲིད་སྤོབས་པ། འགན་འཁྲིའི་ཁག་ཁུར་ཆེན་པོས། དུས་རབས་གསར་པའི་ཀྲུང་གོའི་སྣེ་ཁྲིད་དེ་ཟིལ་ཤུགས་རྒྱས་ཤིང་། བརྗིད་ཉམས་ལྡན་པའི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འཕེལ་རིམ་གསར་འབྱེད་བྱས་པ་དང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གསར་འབྱེད་བྱས་པ་རེད།
གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཏང་ཁག་དང་ཚོགས་ཁག་སོ་སོ། རིགས་སོ་སོའི་ལས་རིགས་སྡེ་ཁག་གི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་དེ་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་སྡུད་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཇུས་ཆོད་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱེད་དགོས་ཞེས་གསུངས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་ལག་བསྟར་ཡག་པོ་བྱེད་རྒྱུ་ནི། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་དང་ཡང་དག་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། དཔྱད་འཇོག་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་དེ་ལག་བསྟར་ཟབ་མོ་བྱེད་པ། སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བརྗོད་དོན་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་བཅས་ལ་གོ་བ་ཟབ་མོ་དང་སྟངས་འཛིན་ཡང་དག་བྱས་ནས། རང་འགུལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་པས་བསམ་བློ་གཅིག་གྱུར་དང་། རེ་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས། སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་འདོན་ཇུས་འབུལ་བྱ་རྒྱུ་དེ་བྱ་བའི་གཙོ་དོན་དང་འགན་སྒྲུབ་གཙོ་གནད་དུ་བཟུང་སྟེ། བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཅོས་སྒྱུར་གྱི་འདུ་ཤེས་གཅིག་སྡུད་བྱེད་པ། བཅོས་སྒྱུར་གྱི་ཐབས་ཇུས་གང་མང་འདོན་པའི་བྱ་བ་ཏན་ཏིག་གིས་ཡག་པོར་བསྒྲུབ་ནས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གྱི་ཆེད་དུ་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་ཚང་དང་དངོས་འབེབས་བྱེད་པ་དང་། སྲིད་གྲོས་དམངས་གཙོའི་རྐྱེན་སྲོལ་སོགས་ལས་འགན་གལ་ཆེན་འཐུས་ཚང་དུ་བཏང་སྟེ། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་སྒྱུར་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལེགས་པོར་སྒྲུབ་སྟེ། ལོ་སྨད་ཀྱི་འགན་སྒྲུབ་ལས་དོན་ཁག་སོ་སོ་ནན་ཏན་གྱིས་ཡག་པོར་སྒྲུབ་དགོས།
གྲོས་ཚོགས་ནས་བརྡས་ཐད་བཅད་པ་བརྒྱུད། ཝུའུ་དབྱིན་ཅེ་ཡི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དང་། རིག་གནས་རིག་གཞུང་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་གནས་ལེན་པ་དང་། དེའི་ཨུ་ཡོན་གྱི་ཐོབ་ཐབ་ཕྱིར་འཐེན་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཀྲུང་ཅན་ཁྲུན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་མཇུག་བསྡུས་རྗེས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་འཆད་ཁྲིད་ཐེངས་དྲུག་པ་སྤེལ་བ་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོའེ་ཅིན་ཕིན་གྱིས་གདན་ཞུ་ལྟར་སློབ་གསོའི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་པ་བརྗོད་དོན་དུ་བཟུང་ནས་འཆད་ཁྲིད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།