ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་པེ་ཅིང་དུ་བསྡུས།
2024.07.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 35

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། ཀྲུང་གུང་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཟླ7པའི་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་བཅོས་སྒྱུར་གྱི་ཉིན་རྒྱུན་བྱ་བའི་ལས་བགོས་དོ་དམ་གྱི་ཀྲུའུ་རིན་གཞོན་པ་མུའུ་ཧུང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

མུའུ་ཧུང་གི་སྙན་ཞུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལ་དམ་པོར་དམིགས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་རྒྱབ་ལྗོངས། ལོ་རྒྱུས་གནས་བབ། འགན་འཁྲིའི་ལས་འགན་བཅས་རྒྱས་བཤད་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་དོན་ཆེན་མོ་བཅས་རྒྱས་འགྲེལ་བྱས་ཡོད་ལ། ཆོད་དོན་ལས་བཏོན་པའི་བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་གཙོར་བཟུང་ནས་ཀློག་འགྲེལ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་བཅོས་སྒྱུར་གྱི་ལས་འགན་ལག་ལེན་དངོས་འབེབས་བྱེད་པའི་ཐད་ནས་ངོས་ཟིན་དང་མྱོང་ཚོར་གླེང་།

སྙན་ཞུའི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དམིགས་བསལ་གྱི་དཔེ་གཞི་བཀོལ་བ་དང་དོན་དངོས་ཀྱི་གཞི་གྲངས་བཀོལ་ནས་འགྲེལ་བརྗོད་བྱས་ཏེ། མང་ཚོགས་དག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་རྒྱུས་ལོན་བྱེད་པར་རོགས་རམ་བྱས།

པེ་ཅིང་ཏང་སྲིད་དམག་གསུམ་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱི་འགན་ཁུར་བ་དང་། གཞུང་ལུགས་ལས་དོན་པ། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་སོགས་མི་བདུན་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།