ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བསྡུས།
2024.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ7པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་སྤྱི་བསྡོམས་དང་བརྗེ་རེས་བྱས་པར་མ་ཟད། ཕྱིན་ཆད་ཀྱི་མི་རིགས་ས་ཁུལ་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲང་སུའུ་ཅུན་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་དང་། ཀོ་རོའུ་ཀྲོ། ཀྲུའུ་རིན་གཞོན་པ་ཧན་ཡུས་ཀོས་དང་མཱ་ཀྲི་ཝེ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག གྲངས་ཉུང་མི་རིགས་ཀྱི་ན་གཞོན་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ལྡན་པའི་བྱ་བ་མང་བོ་བསྒྲུབས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ན་གཞོན་དག་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཁོར་ཡུག་བཟང་བོར་མཉམ་དུ་སྲུང་སྐྱོབ་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་ཁུར་དུ་ལེན་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་སློབ་གསོ་དང་། དམར་དམག་གི་བརྗོད་དོན་བྱ་འགུལ། ལག་ལེན་གསོ་སྐྱོང་སློབ་གསོ་བཅས་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་གྱི་བསམ་བློའི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་དགོས་པ་དང་། ན་གཞོན་གྱི་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་སློབ་གསོ། བྱ་འགུལ་ཚོང་རྟགས་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ནས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁྲིའི་ཁག་ཁུར་མངོན་པར་བྱེད་དགོས་པ་དང་།ན་གཞོན་གྱི་སྟོབས་ཞན་ཚོགས་ཁག་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། རིགས་སོ་སོའི་ན་གཞོན་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་འཐུས་མིས་ཡུལ་དངོས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རེབ་གོང་ལམ་སྡེ་ཁུལ་དང་ཀླུ་སྒྲུབ་ཐང་གའི་སྒྱུ་རྩལ་གླིང་། རྨ་ལྷོ་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་། གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་བཅས་ཀྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།