ངར་ཤུགས་ཆེན་པོས་བཅོས་སྒྱུར་གྱི་དྲིས་ལན་གསར་པ་འབད་པས་འབྲི་དགོས།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དར་ཆ་གང་ཞིག་སྒྲེང་དགོས་པ་དང་ལམ་གང་ཞིག་ཏུ་བསྐྱོད་དགོས་པའི་སྐོར་ཡང་བསྐྱར་ཁྱབ་བསྒྲགས་བྱས་པ་ཞིག་རེད།     བསྟུད་མར་ཉིན་འགའི་རིང་ལ། རྒྱ་ཆེའི་ཤེས་ཡོན་ཅན་དང་ན་གཞོན་སློབ་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་།    ཚང་མས་བལྟས་ན་ཚང་འཛོམས་གྲོས་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་ནན་མོ་གསལ་བོར་མཚོན་ཡོད་པར་འདོད།  ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་དད་སེམས་སྔར་ལས་བརྟན་པོ་དང་བློ་སྟོབས་སྔར་ལས་ཆེན་པོར་བརྟེན་ནས་བཅོས་སྒྱུར་གྱི་དྲིས་ལན་གསར་པ་འབད་པས་འབྲི་དགོས་ཟེར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུས་རབས་གསར་པ་ནས་བཟུང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྒྱལ་ཁའི་ལག་ལེན་དང་རླབས་ཆེན་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས།   སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།    རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་གཏན་ཁེལ་གསལ་བོ་བྱས་ཡོད་པར་མ་ཟད།    མ་འོངས་པའི་ལོ་ལྔའི་བཅོས་སྒྱུར་ལས་འགན་ཡང་གཏན་འབེབས་བྱས་ཡོད།     རྒྱ་ཆེའི་ཤེས་ཡོན་ཅན་དང་ན་གཞོན་སློབ་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ལས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཀ་བཞི་གདུང་བརྒྱད་བསྐྲུན་ནས་བརྗིད་ཉམས་ལྡན་ལ་ཞིབ་ཕྲའི་བཅོས་སྒྱུར་གྱི་འཆར་གཞི་བཀོད་ཡོད་ཟེར།

ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་སྟེང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།    “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་འོག ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་འཆར་འགོད་བྱས་ཏེ།    མ་ལག་འདུས་གྲུབ་དང་གཙོ་གནད་འབུར་ཐོན་ལ་སྔར་ལས་མཐོང་ཆེན་བྱས་པ་དང་།    བཅོས་སྒྱུར་གྱི་ཕན་འབྲས་ལ་སྔར་ལས་མཐོང་ཆེན་བྱས་ཡོད་ཟེར།

མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན།     རྒྱ་ཆེའི་ན་གཞོན་ཚོས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་ བཅོས་སྒྱུར་གྱི་བྱེད་ཐབས་སོ་སོས་ན་གཞོན་རྣམས་ཡར་ཐོན་འབྱུང་བར་གོ་སྐབས་ཚད་མེད་དང་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་བསྐྲུན་ངེས་ཟེར།

ཤ་བོ་རིན་མཚོས་བསྒྱུར།