ཧན་ཀྲིན་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཧྥ་རན་སིའི་ཙུང་ཐུང་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་གླེང་མོལ་བྱས།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ས་དེའི་ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོར། གདན་ཞུ་ལྟར་ཧྥ་རན་སིར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་བྱམས་བརྩེའི་གླེང་མོལ་བྱས།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མཱ་ཁི་ལུང་དང་ཁོའི་ལྕམ་མོ་པུའུ་ལི་ཅི་ཐེ་ལ་བྱམས་བརྩེའི་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་གནང་།  ཧན་ཀྲིན་གྱིས་བསྟན་དོན། གདན་ཞུ་ལྟར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་།    ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལྟད་མོ་ཆེ་ལ་བདེ་ལེགས་ངང་ཡོངས་འགྲུབ་འབྱུང་བར་སྨོན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་འགྲུབ་ཆེན་པོ་བྱུང་བ་དང་། དེ་ལས་ཀྲུང་གོ་དང་ཧྥ་རན་སིའི་མཛའ་བརྩེའི་དམིགས་བསལ་རང་བཞིན་དང་ཆུ་ཚད་མཐོན་པོ་མཚོན་ལ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་དོན་སྙིང་གལ་ཆེན་ལྡན།

མཱ་ཁི་ལུང་གིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་དང་། ཧན་ཀྲིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཡིན་པའི་ངོས་ནས་ཧྥ་རན་སིར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས། མཱ་ཁི་ལུང་གིས་བསྟན་དོན། ད་ལོའི་ཟླ5པར། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་མཐུན་གྲོས་མོལ་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་འཚམས་འདྲི་གནང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།

ཉིན་དེའི་དགོང་མོར་ཧན་ཀྲིན་ཕ་རི་སིའི་ཐི་ལུའོ་ཁ་ཏི་ལུའོ་ཐང་ཆེན་དུ་སྐབས33པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས།     ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ཞུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་གལ་ཆེ་བའི་རྒྱལ་སྤྱིའི་ལུས་རྩལ་འགྲན་སྡུར་ཐོག་མ་རེད།

འགྲན་ཚོགས་འགོ་མ་བརྩམས་སྔོན། ཧན་ཀྲིན་ཆེད་དུ་ཨོ་རྩལ་སྡེ་བའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པ། བྱ་བའི་མི་སྣ་བཅས་ལ་བལྟ་རུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་བར་མ་ཟད།    ཚང་མས་འགྲན་སྡུར་ལ་གྲ་སྒྲིག་ནན་མོ་བྱེད་པ་དང་།   སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ།    ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བྱས་ནས། ཧུར་ཐག་གིས་ལུས་རྩལ་གྱི་དྲང་ཕྱོགས་ནུས་པ་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་སྣང་བརྙན་མངོན་དགོས་པའི་སྐུལ་མ་གནང་། ཧན་ཀྲིན་གྱིས་ད་རུང་ལོ་སི་ཁྲེ་ཨར་ཏི་བཞུགས་ཤག་གི་ཀྲུང་གོའི་ཁྱིམ་གཞིས་ལ་ལྟ་སྐོར་བྱས། ཙུང་ཐུང་མཱ་ཁི་ལུང་གིས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་སྐུ་མགྲོན་ལ་བསྡུས་དགའ་བསུའི་སྣེ་ལེན་བྱེད་སྒོར་ཞུགས་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་སྐུ་མགྲོན་ལ་བསྡུས་པའི་དགོང་ཟས་གསོལ་སྟོན་ལ་ཞུགས་པར་མ་ཟད་པ་ཧི་ལ་མཇལ་འཕྲད་གནང་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།