ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་མཁན་ཏི་ཝུན་ཤར་མའི་ཙུང་ཐུང་ཨོ་ཨར་ཐཱ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཏི་ཝུན་ཤར་མའི་ཙུང་ཐུང་ཨོ་ཨར་ཐཱ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཏི་ཝུན་ཤར་མའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ22འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བཅས་བླངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཐུག་འཕྲད་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འཐབ་ཇུས་ཀྱི་འཆར་འགོད་གསར་བཟོས་དང་། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་དར་སྤེལ་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་སྔར་ལས་ལེགས་པོ་བརྩོན་ལེན་བྱེད་འདོད་ཡོད་ཟེར།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཏི་ཝུན་ཤར་མའི་རང་ངོས་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཏི་ཝུན་ཤར་མས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་སྔར་ལས་མང་པོ་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མ་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་འབྲེལ་མཐུད་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཞིང་ལས་དང་ཉ་གསོ་ལས་རིགས། ཆུ་བེད། དབུལ་སེལ། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་ཆེར་བཏང་ནས། ཏི་ཝུན་ཤར་མའི་རང་བདག་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་སྒོས་ཆེ་རུ་གཏོང་བར་རོགས་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱས་ནས། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཏི་ཝུན་ཤར་མར་མ་དངུལ་འཇོག་པར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མ་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་གཏུག་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་དང་། ནམ་ཟླའི་སྲིད་ཇུས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། ཏི་ཝུན་ཤར་མ་སྔ་མོ་ནས་ཨེ་ཤེ་ཡཱ་ཤར་ལྷོའི་མནའ་འབྲེལ་རྩ་འཛུགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གིས་འབད་བརྩོན་བྱེད་རྒྱུ་ཡིན།
ཨོ་ཨར་ཐཱ་ཡིས་བསྟན་དོན། ཀྲུང་གོ་ནི་ཏི་ཝུན་ཤར་མ་དང་ཕྱི་ཕྱོགས་འབྲེལ་བ་སྔ་མོ་ནས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཏི་ཝུན་ཤར་མར་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུ། ཏི་ཝུན་ཤར་མས་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མ་ཨེ་ཤེ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཏི་ཝུན་ཤར་མས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྤྱིར་བཏང་མིན་པའི་ཕུགས་འདུན་དེར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་སྒོས་ཞུགས་ཡོད། ཀྲུང་གོའི་ཁེ་ལས་ཏི་ཝུན་ཤར་མར་དངུལ་གཏོང་བྱེད་དུ་ཡོང་བར་དགའ་བསུ་ཞུ་བ་དང་། ཀྲུང་གོ་ཕྱོགས་བར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཆུ་བེད། ཞིང་ལས། འབྲུ་རིགས་བདེ་འཇགས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་སྤུས་ཚད་མཐོ་བའི་སྒོ་ནས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།
ཝུའུ་ཀྲིན་ལུང་མཇལ་འཕྲད་དུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།