ལིས་ཆང་གིས་དབྱི་ཐཱ་ལིའི་ཙུང་ལི་མཱེ་ལོ་ཉི་དང་གྲོས་མོལ་གནང་།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ7ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་སུ་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལིའི་ཙུང་ལི་མཱེ་ལོ་ཉི་དང་གྲོས་མོལ་གནང་།

ཟླ7ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་སུ་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལིའི་ཙུང་ལི་མཱེ་ལོ་ཉི་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐཱ་ལིའི་བར་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ20འགོར་བའི་ལོ་ཡིན། ལོ་ངོ་ཉི་ཤུའི་རིང་ལ། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་རྟོན་རྒྱུན་མཐུད་སྲ་བརྟན་བཏང་ཞིང་། དངོས་གཉེར་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཉོ་ཚོང་དངུལ་གཏོང་སྒྲིག་གཞི་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཆེན་པོ་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྕམ་མོ་ཙུང་ལི་དང་གྲོས་མོལ་མཛད་དེ། ཀྲུང་གོ་དང་དབྱི་ཐཱ་ལིའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ལ་མཉམ་དུ་འཆར་འགོད་གནང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐཱ་ལི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་ཆེད་དང་། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་མང་བ་འཇོག་རྒྱུར་འཐད་པ་ཡིན།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐཱ་ལི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་བརྟན་འཇགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་སྤེལ་བར་ཡར་བརྩོན་གྱི་གོ་སྐབས་འདོན་སྤྲོད་བྱེད་རྒྱུར་འཐད་པ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐཱ་ལིའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་དང་ཁྱབ་ཁོངས་སོ་སོའི་ཁ་བརྡའི་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་སྒྲིག་གཞི་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པའི་དུས་མཉམ་དུ། ཉོ་ཚོང་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ལེགས་སྒྱུར་བྱེད་པ་དང་། གྲུ་གཟིངས་སྒྲིག་བཟོ་དང་མཁའ་འཕུར་མཁའ་སྐྱོད། ནུས་ཁུངས་གསར་པ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་དང་ཁེ་ལས་འབྲིང་ཆུང་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣོན་པ་དང་། མཱ་ཁི་པའོ་ལོ་འདས་ནས་ལོ་འཁོར700འགོར་བར་རྗེས་དྲན་བྱེད་པའི་འབྲེལ་ཡོད་མུ་འབྲེལ་བྱེད་སྒོ་མཉམ་དུ་ཡག་པོར་སྤེལ་བ་དང་། རིག་གནས་སྒྱུར་རྩལ་དང་གློག་བརྙན་ཟློས་གར། སློབ་གསོ་སོགས་མི་གཞུང་ཁྱབ་ཁོངས་ནས་བརྗེ་རེས་མཉམ་ལས་གཏིང་ཟབ་སྤེལ་དགོས། ཀྲུང་གོས་ཀྲུང་གོའི་ཁེ་ལས་ཀྱིས་དབྱི་ཐཱ་ལི་རུ་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། དབྱི་ཐཱ་ལི་ཕྱོགས་ཀྱི་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་བདེ་འཇགས། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་པ་དང་། ཀྲུང་གོའི་སྤྱི་དམངས་དབྱི་ཐཱ་ལི་རུ་འགྲོ་བར་སྟབས་བདེ་གང་མང་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད། སྲུང་སྐྱོབ་རིང་ལུགས་ཀྱིས་འགྲན་རྩོད་ནུས་པར་སྲུང་སྐྱོབ་བྱེད་ཐབས་མེད་ལ། སྒོ་འབྱེད་མཉམ་ལས་བྱས་ན་ད་གཟོད་གཉིས་ཕན་མཉམ་རྒྱལ་བྱེད་ཐུབ། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཚུལ་མཐུན་གྱི་ལྟ་སྟངས་བཟུང་ནས། གྲོགས་པོའི་འབྲེལ་བ་རྒྱུན་འཁྱོངས་དང་། གྲོས་མོལ་དང་མཉམ་ལས་གཏིང་ཟབ་བྱེད་པ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བ་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

མཱེ་ལོ་ཉི་ཡིས་བསྟན་དོན། ཉེ་བའི་ལོ་འདི་འགར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་རིམ་པ་སོ་སོ། ཁྱབ་ཁོངས་སོ་སོའི་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་སོང་བས། དབྱི་ཐཱ་ལི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་། དབྱི་ཐཱ་ལི་ཕྱོགས་ཀྱིས་འཕེལ་རྒྱས་ཀྱི་དུས་ཡུན་རིང་ཞིང་གཏན་འཇགས་བཟང་ཕྱོགས་ཀྱི་འབྲེལ་བ་ཡག་པོ་འཛུགས་པར་འབད་པ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་། དངུལ་གཏོང་། བཟོ་ལས། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ20འགོར་བ་དང་མཱ་ཁི་པའོ་ལོ་འདས་ནས་ལོ700འགོར་བར་རྗེས་དྲན་བྱེད་པ་གོ་སྐབས་སུ་བརྩིས་ཏེ། མཛའ་བརྩེའི་འབྲེལ་ཟམ་འཛུགས་པ་དང་མཉམ་ལས་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱེད་པ། མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས། སྔར་ལས་དམ་ཟབ་ཀྱི་མཉམ་ལས་འབྲེལ་བ་བཙུགས་ཏེ། ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན། དབྱི་ཐཱ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པ་དང་། སྔར་ལས་གཏན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་པར་ནུས་པ་ཧུར་ཐག་འདོན་སྤེལ་བྱ་རྒྱུར་འཐད་པ་ཡིན་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་བཟོ་ལས་དང་། སློབ་གསོ། ཁོར་ཡུག་སྲུང་སྐྱོབ། ས་ཁམས་མཚོན་རྟགས། ཟས་རིགས་བདེ་འཇགས་སོགས་ཐད་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་སྔོན་དུ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མ་ནས་མཱེ་ལོ་ཉི་ལ་དགའ་བསུའི་བྱེད་སྒོ་སྤེལ།

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།