ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་ཆ་སོ་སོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.07.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཉེ་ལམ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་དང་། ཧུའུ་པེ། ཧི་པེ་སོགས་ས་ཆར་སྒྲོག་འགྲེལ་བྱས་ཤིང་། གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་གིས་ཟླ7ཚེས28ཉིན་ཧྲང་ཧེ་རུ་སྒྲོག་འགྲེལ་སྙན་ཞུ་སྤེལ། ཁྲིན་ཅི་ཉིང་གིས་སྙན་ཞུའི་ནང་དུ། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་དང་། གྲུབ་འབྲས་གཙོ་བོ། བཀོད་སྒྲིག་གལ་ཆེན་སོགས་ལ་གོ་བ་ཟབ་མོ་ལེན་པའི་ཕྱོགས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐད་ནས་ཕྱོགས་ཡོངས་ཀྱི་སྒྲོག་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས།

ཁྲིན་ཅི་ཉིང་ད་དུང་ཧྲང་ཧེ་ནུས་འདུས་བཟོ་བསྐྲུན་རྟེན་མཛོད་ཁང་དུ་སོང་ནས། གཞིས་ཁུལ་དང་ཁེ་ལས། སློབ་གྲྭ་བཅས་ནས་ཐོན་པའི་གཞི་རིམ་འཐུས་མི་དང་བརྗེ་རེས་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་སྒྲུབ་ཐིན་ཉིན་རྒྱུན་བྱ་བའི་ཁག་བགོས་ཀྲུའུ་རིན་གཞོན་པ་མིན་ཞང་ཧྥིན་གྱིས་ཧུའུ་པེ་ཝུའུ་ཧན་དུ་སྒྲོག་འགྲེལ་སྙན་ཞུ་སྤེལ། སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་དང་དམ་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་སྟངས་འཛིན་ཡང་དག་བྱེད་པ་དང་། གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་སོགས་ཕྱོགས་ལྔའི་ཐད་ནས་གཙོ་གནད་འགྲེལ་བཤད་བྱས།

མིན་ཞང་ཧྥིན་ད་དུང་ཧུའུ་པེ་ཞང་དབྱང་དུ་སོང་བ་དང་། གཞིས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པར་མ་ཟད། ཚང་མ་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཧྲི་ཅཱ་ཀྲོང་དུ་སྒྲོག་འགྲེལ་སྙན་ཞུ་སྤེལ། ཝང་ཝུན་ཐའོ་ཡིས་དུས་རབ་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དམིགས་སུ་བཟུང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་བསྐྲུན་པའི་དོན་སྙིང་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱས་ཤིང་། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་སྒྱུར་ལས་འགན་ཁག་སོ་སོ་དངོས་འབེབས་དམ་འཛིན་བྱེད་དགོས་པ་ནན་བཤད་བྱས།

ཝང་ཝུན་ཐའོ་ཡིས་ད་དུང་ཞུང་ཨན་ཁུལ་གསར་དང་། ཧྲི་ཅཱ་ཀྲོང་རྒྱལ་སྤྱིའི་སྐྱེ་དངོས་སྨན་རྫས་གླིང་སོགས་ཀྱི་ཡུལ་དངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།