མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།
2024.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ7པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྒྲིག་ལམ་སློབ་སྦྱོང་དང་སྒྲིག་ལམ་ཤེས་པ། སྒྲིག་ལམ་གསལ་བོ་བྱེད་པར་བརྟེན་ནས་སྒྲིག་ལམ་བརྩི་སྲུང་དང་སྒྲིག་ལམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས་བགྲོ་གླེང་བྱས་པ་དང་། དཔེ་གཞིས་སློབ་སྦྱོང་ལ་སྐུལ་བ་དང་དཔེ་གཞིར་བརྟེན་ནས་སྒྲིག་ལམ་གསལ་བཤད་བྱས་ལ། ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ལམ་གྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རི་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་ཏང་གི་སྒྲིག་སྲོལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས་སློབ་སྦྱོང་བྱས་པ་དང་། སྒྲིག་འགལ་སྤྱོད་ཚུལ་ཐད་ཀྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་ཟབ་མོ་བྱས་ལ། དཔེ་གཞི་མེ་ལོང་དུ་བཟུང་ནས་ཉེན་བརྡ་སློབ་གསོ་གཏིང་ཟབ་ཏུ་སྤེལ། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕེན་དང་ཝང་ཝེ་ཏུང་། ཚེ་རིང་ཐར། ཝང་ལེན་ཧུའུ། ལིའུ་ཐོ། ལིའུ་ཁྲའོ་བཅས་ཀྱིས་རང་སོ་སོའི་ཆེད་འགན་ཁུར་བའི་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས། སྒྲིག་ལམ་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ཡོན་ལས་བྱེད་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ནས་ཡུལ་དངོས་དང་ཡང་ན་ཡིག་ཐོག་ནས་བརྗེ་རེས་བགྲོ་གླེང་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལས་འགན་གསར་བ་དང་རེ་བ་གསར་བ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གསུམ་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་། ཐེངས་རེ་རེར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་རེ་བ་གསལ་བོ་བཏོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་སྲོལ་བཅས་མཉམ་དུ་དམ་འཛིན་བྱས་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ལམ་བརྩི་སྲུང་བྱེད་པར་ཤུགས་སྣོན་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཡང་བསྐྱར་ངོས་འཛིན་ཟབ་མོ་བྱེད་དགོས། ཁྲིམས་དང་འགལ་ནས་ཟ་འཐུང་བྱེད་པའི་གནད་དོན་ཐད་ནས་སྲ་མཁྲེགས་རང་བཞིན་དང་བསྐྱར་འཕར་རང་བཞིན་ལྡན་པ་གསལ་བོར་མཐོང་དགོས་པ་དང་། ལྷོད་གཡེང་ཅུང་ཙམ་བྱས་ཚེ་ཕྱིར་འཕར་བྱེད་ངེས་པས། ངེས་པར་དུ་གཙིགས་འཛིན་ལྷོད་མེད་བྱེད་པ་དང་ཕྱིར་སྣུར་སྤུ་ཙམ་མི་བྱེད་པར་རྗེས་ཕྱོགས་སུ་དེ་ལས་གཟབ་ནན་བྱེད་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་ཕྱིར་གཏོང་དགོས། ཏང་གཤིས་སྦྱོང་བརྡར་གྱི་གལ་ཆེན་རང་བཞིན་ལ་ཡང་བསྐྱར་རྒྱུས་ལོན་ཟབ་མོ་བྱེད་པར་ཤུགས་སྣོན་དགོས། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བའི་སྤྱིའི་འགག་སྒོ་བརྟན་སྲུང་བྱེད་པ་དང་། དུས་ནམ་ཡང་ཏང་ལ་བློ་དཀར་བའི་མི་ཚེའི་བསྐྱོད་རྟགས་དག་འབེབས་བྱེད་པ། བླ་ན་མེད་པའི་མི་ཚེའི་འཚོལ་སྙེག་འཛུགས་པ། རང་རྟོགས་སྒོས་སྲོལ་ངན་གྱི་ཤུགས་རྐྱེན་ངན་པ་ཐེབས་པར་བཀག་འགོག་བྱེད་པ། དུས་ནམ་ཡང་ཏང་དང་བློ་གཅིག་སེམས་གཅིག་བྱེད་པ་དང་ཕྱོགས་གཅིག་མཉམ་སྐྱོད་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་དགོས། གནད་དོན་གྱི་རྩ་བ་གོང་རིམ་ལ་ཐུག་ཡོད་པར་ཡང་བསྐྱར་ངོས་འཛིན་ཟབ་མོ་བྱེད་དགོས། གོང་ནས་ཅུང་ཙམ་ལྷོད་ན། འོག་རིམ་གྱིས་དེ་ལས་བཏང་ལྷོད་བྱེད་ངེས་པས། ངེས་པར་དུ་རང་དཔེ་གཞན་སྟོན་དང་མིག་དཔེ་བྱེད་པ་དང་། གཞན་གྱིས་བསྒྲུབ་ཐུབ་པ་དེ་རང་གིས་སྔོན་དུ་བསྒྲུབ་པ་དང་། གཞན་གྱིས་མི་བསྒྲུབ་པ་དོན་དག་རང་ཉིད་ཀྱིས་གཏན་ནས་མི་བསྒྲུབ་པ་བྱས་ཏེ། གནད་འགག་གྲངས་ཉུང་གིས་མང་ཆེ་ཤོས་ལ་སྣེ་ཁྲིད་བྱེད་དགོས། ཁྱད་དབང་བསམ་བློ་དང་ཁྱད་དབང་སྤྱོད་ཚུལ་མེད་པར་བཟོ་བར་ངོས་འཛིན་སྔར་ལས་ཟབ་མོ་བྱེད་དགོས། དབང་ཆ་བཀོལ་སྤྱོད་ཐད་ཀྱི་བཀག་སྡོམ་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་གཏོང་བ། དབྱང་དབུགས་དཀོན་ཡང་སྙིང་སྟོབས་ཆེ་བ་དང་དཀའ་ཁག་ལ་མི་སྐྲག་པ། མཚོ་འཕགས་མཐོ་ན་སེམས་ཤུགས་དེ་ལས་ཀྱང་མཐོ་བར་བྱས་ནས། ཚད་གཞི་མཐོན་པོ་དང་རེ་བ་ནན་མོས་བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱེད་པར་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་དགོས། མི་བཟང་གི་བསམ་བློ་དང་རང་ཉིད་དང་འབྲེལ་བ་མེད་ན་ཁ་ཡ་མི་བྱེད་པའི་བསམ་བློ་མེད་པར་བྱེད་པ་དང་། གནད་དོན་དམིགས་ནས་འགྲོ་བ་དང་དཀའ་ཁག་གདོང་གིས་བསུས་ནས། དངོས་གནས་འབད་འཐབ་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་ཕོད་པར་བྱེད་དགོས། གནོན་ཤུགས་རིམ་པ་བཞིན་བརྒྱུད་སྤྲོད་བྱེད་པའི་ནུས་ཤུགས་ཇེ་ཆུང་དུ་འགྲོ་བར་བཀག་འགོག་བྱེད་པར་ངོས་འཛིན་ཟབ་མོ་བྱེད་དགོས། ཚན་རིག་དང་མཐུན་པ་དང་ཕན་འབྲས་ལྡན་པའི་བྱ་བ་ལག་བསྟར་བྱེད་པའི་གནོན་ཤུགས་བརྒྱུད་སྤྲོད་རྐྱེན་སྲོལ་འཛུགས་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་དེ་བསྒྲུབ་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་པ། ལས་རྐང་གཡུལ་ས་རུ་བྱས་ནས་སོ་སྲུང་བྱེད་པ་དང་། བྱ་བ་ལས་དོན་དུ་བརྩིས་ནས་བསྒྲུབ་སྟེ། དངོས་གནས་ཏང་དང་མི་དམངས་ལ་འགན་ཁུར་དགོས། གཙོ་གནད་ཁྱབ་ཁོངས་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ལ་རྩད་ཞིབ་བྱེད་པར་ཡང་བསྐྱར་ངོས་འཛིན་ཟབ་མོ་བྱེད་དགོས། རུལ་སུངས་ཀྱི་ཁྱབ་ཁོངས་གཙོ་བོ་གཙིགས་སུ་བཟུང་ནས་བཅོས་སྐྱོང་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་རྒྱུན་མཐུད་ངང་བཅོས་སྐྱོང་ཟབ་མོ་བྱས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་རྒྱུ་དེ་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་སྟེང་ཁེབས་པར་བྱེད་དགོས། དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པར་ཡང་བསྐྱར་ངོས་འཛིན་ཟབ་མོ་བྱེད་དགོས། གཟབ་ནན་དེ་ཉིན་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་ཁྲོད་མངོན་པར་བྱེད་པ་དང་། དོ་དམ་ནན་མོ་བྱེད་པ་དང་སྔ་མོ་ནས་དམ་འཛིན་བྱེད་པ། ཆུང་འགོག་ཕྲ་སེལ་བྱེད་པ། སྒྲིག་ལམ་དང་སྒྲིག་སྲོལ་ནམ་ཡང་གཙོར་བཟུང་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས། ངེས་པར་དུ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ནུས་ཤུགས་སྔར་ལས་ཆེན་པོ་དང་ཆོད་སེམས་སྔར་ལས་བརྟན་པོ། བྱེད་ཐབས་སྔར་ལས་བཟང་བོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། ངེས་པར་དུ་གཙོ་གནད་ཁྱབ་ཁོངས་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཙིགས་སུ་འཛིན་པ་དང་། མི་སྣ་གཙོ་བོ་དང་གནད་འགག་དུས་རིམ། ལས་རྐང་གཙོ་བོར་ཁ་གཏད་དེ། དོ་དམ་ནན་མོ་བྱེད་པ་དང་ཞིབ་བཤེར་ནན་མོ་བྱེད་པ། རུལ་སུངས་གནད་དོན་ལ་ཆད་གཅོད་ནན་མོ་བྱེད་དགོས། ངེས་པར་དུ་དབང་ཆ་ཚོད་སྡོམ་བྱེད་པར་ཤུགས་སྣོན་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱས་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་ལ། གཞི་གྲངས་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་ཆེད་དོན་བཅོས་སྐྱོང་། སྐོར་ཞིབ་ལྟ་ཞིབ། རྩིས་བཤེར་ལྟ་སྐུལ་སོགས་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱེད་དགོས། ངེས་པར་དུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་གཅུན་ནན་མོ་བྱེད་པ་དང་འགན་ནན་མོ་ཁུར་བ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།