བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ་དང་། དམངས་ཆེན་འཐུས་མི་འཆར་གཞིའི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ཁྲོད་ཞུགས་པའི་ལམ་བུ་རྒྱ་བསྐྱེད་ཆེད། ཟླ7པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐོག་དང་པོར་མཉམ་འབྲེལ་སྒོས་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་གི་དམངས་ཆེན་འཐུས་མིའི་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་བཅོ་ལྔ་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས།
ཞིང་ཆེན་དམངས་ཆེན་རྒྱུ་ནོར་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། མ་ལག་གི་རྩོལ་ནུས་ལ་ལྟ་སྦྱོང་བྱས་རྗེས། འཐུས་མི་ཚོས་སྤྱིའི་སྔོན་རྩིས་དང་སྡེ་ཁག་གི་སྔོན་རྩིས། རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ལྟ་སྐུལ་དང་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སོགས་ཐད་ནས་ཞིབ་བཤེར་འདྲི་གཅོད་དང་དབྱེ་ཞིབ། གྲོས་སྡུར་བྱས་པར་མ་ཟད། སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་གི་ཞིབ་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་བའི་ཐད་ནས་བསམ་འཆར་བཏོན། འཐུས་མི་ཚོས། མ་ལག་གིས་འདས་སོང་གི་འཆར་གཞི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ཆ་འཕྲིན་དོ་མི་མཉམ་པའི་རྣམ་པ་གཏོར་བ་དང་། མ་དངུལ་རེ་རེའི་བརྒྱུད་རིམ་ཧྲིལ་བོར་འགུལ་རྣམ་ལྟ་སྐུལ་བྱེད་ཐུབ་པ་མངོན་འགྱུར་བྱས་ལ། འཐུས་མི་ཚོས་ནོར་སྲིད་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ལམ་བུ་རྒྱ་བསྐྱེད་པ་དང་། སྲིད་གཞུང་གི་སྔོན་རྩིས་ལྐོག་གྱུར་གྱི་རྣམ་པ་མེད་པར་བཟོས་ལ། འཐུས་མི་འཆར་གཞིའི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ཁྲོད་ཞུགས་པའི་འདུ་ཤེས་དང་ནུས་པ་སྔར་ལས་ཇེ་ཆེར་གཏོང་བར་ཕན་པ་ཡོད་ཟེར།
འཐུས་མི་ཚོས་མཐའ་གཅིག་ཏུ། དམངས་ཆེན་འཐུས་མི་ནི་དམངས་ཆེན་བྱ་བའི་གཙོ་གཞི་ཡིན་པས། ཉིན་རྒྱུན་གྱི་འགན་སྒྲུབ་བྱ་བའི་ཁྲོད་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བཀོལ་སྤྱོད་དང་དྲིལ་སྒྲོག་བཟང་བོ་བྱེད་པ། འཆར་གཞིའི་སྔོན་རྩིས་ལྟ་སྐུལ་བྱ་བའི་ཁྲོད་དེང་རབས་ཀྱི་འཐུས་མིའི་འཇོན་ཐང་མངོན་པར་བྱེད་དགོས། དེ་དང་མཉམ་དུ་ནོར་སྲིད་དང་སྔོན་རྩིས་སོགས་ཁྱབ་ཁོངས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། ཤེས་བྱའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། ལྟ་ཞིབ་དང་རྟོག་ཞིབ་བྱ་འགུལ་སྣ་ཚོགས་ཁྲོད་ཞུགས་པ། སྔར་ལས་རང་འགུལ་གྱིས་བློ་འདོན་ཇུས་འབུལ་བྱས་ནས། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་འཛུགས་དགོས་པར་འདོད།
རིན་ཆེན་མཚོས་བསྒྱུར།