ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐཱ་ལིའི་ཙུང་ལི་མཱེ་ལོ་ཉི་དང་མཉམ་དུ་ཀྲུང་དབྱི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐཱ་ལིའི་ཙུང་ལི་མཱེ་ལོ་ཉི་དང་མཉམ་དུ་ཀྲུང་དབྱི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་དང་དབྱི་ཐཱ་ལི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ150ལྷག་ ཚོགས་འདུར་ཞུགས།
ལིས་ཆང་གིས་བསྟན་དོན། མིག་སྔའི་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པའི་རྒྱབ་ལྗོངས་འོག ཀྲུང་གོ་དང་དབྱི་ཐཱ་ལིས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་མང་པོ་སྣོན་དགོས། ཀྲུང་དབྱི་ཕྱོགས་གཉིས་ཀྱིས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་དང་ལག་ལེན་ཤུགས་ཆེན་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་དར་རྒྱས་ཡོང་བ་བྱེད་དགོས། ཀྲུང་གོ་དང་དབྱི་ཐཱ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་གོ་དང་དབྱི་ཐཱ་ལིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་ལས་བརྟན་པའི་སྔོན་དཔག་དང་། སྔར་ལས་རྒྱ་ཆེ་བའི་གོ་སྐབས། སྔར་ལས་ཕུན་སུམ་ཚོགས་པའི་ཐོན་ཁུངས་བཅས་བསྐྲུན་རྒྱུ་རེད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དེས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་འདོན་སྤྲོད་ཐུབ་རྒྱུ་རེད། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང། འཛམ་གླིང་གི་ཐོན་ལས་སྦྲེལ་ཐག་མཉམ་ལས་དང་བསྐྱར་དུ་བསྐྲུན་ནས་ཚོང་ལས་ཀྱི་གོ་སྐབས་ཚད་མེད་ཐོན་བཞིན་ཡོད། ཀྲུང་གོ་དང་དབྱི་ཐཱ་ལིས་འཕེལ་ཕྱོགས་ཆེན་པོའི་ཁྲོད་མཉམ་ལས་ཀྱི་གོ་སྐབས་གསར་པ་སྔོག་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་རིག་ནུས་བཟོ་སྐྲུན་དང་ནུས་ཁུངས་གསར་པ། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མུ་མཐུད་དུ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཕྱེས་ཡོད་པ་དང་། ང་ཚོས་ཕྱི་གསལ་ནང་གསལ་དང་བརྟན་བརླིང་། སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་ཁྲོམ་རའི་འཇུག་འཐུས་སྔར་ལས་ཇེ་ལྷོད་དུ་བཏང་སྟེ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་འགན་ལེན་བྱས་ཏེ་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་དང་ལས་རིགས་དར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་དང་སྟབས་བདེ་སྔར་ལས་མང་པོ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོ་དང་དབྱི་ཐཱ་ལིའི་ཁེ་ལས་པས་གོ་སྐབས་དམ་འཛིན་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་གྱི་ཡོང་སྒོ་སྔར་ལས་མང་པོ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་རྒྱུའི་རེ་བ་ཡོད་ཟེར།
མཱེ་ལོ་ཉི་ཡིས་བསྟན་དོན། དབྱི་ཐཱ་ལིའི་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་བསྣན་ནས། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས། དྲང་གཞག་གཉིས་ཕན་གྱི་རྨང་གཞིའི་ཐོག་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་མཉམ་ལས་བྱེད་སྟངས་གསར་གཏོད་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར།
ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱ་འགུལ་དུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།