མཐོ་སྒང་གི་ཁམས་གསོའི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་ཤར་དུ་བསྡུས།
2024.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ7པའི་ཚེས29ཉིན། མཐོ་སྒང་གི་ཁམས་གསོའི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་ཚོགས་འདུར་ཞུགས།

བགྲོ་གླེང་ཚོགས་འདུ་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དེའི་དམིགས་འབེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། མཐོ་སྒང་གི་ཁམས་གསོའི་གསོ་རིག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བགྲོ་གླེང་ཚོགས་འདུས་ཞིང་ཆེན་ཕྱི་ནང་གི་མཐོ་སྒང་གི་ཁམས་གསོ་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་རིག་གནས་པ་གདན་ཞུ་བྱས་ནས། ཚོགས་འདུའི་བརྗོད་སྙིང་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མི་དམངས་ཀྱི་བདེ་འཇགས་བདེ་སྐྱིད་ལ་ཁ་ཕྱོགས་ནས། མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ཞེས་པར་དམིགས་ནས་བརྗེ་རེས་ཟབ་མོ་བྱས་ཏེ། མཐོ་སྒང་གི་ཁམས་གསོ་ཐད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱས་པ་དང་། མཐོ་སྒང་གི་མི་དམངས་ལ་བདེ་འཇགས་བདེ་སྐྱིད་བསྐྲུན།

མགོན་པོ་བཀྲ་ཤིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཡོན་ཧྲི་ཝུའུ་ཐེན་དབྱི་འཐུས་ཚབ་ཡིན་པའི་མཐོ་སྒང་གི་གསོ་རིག་ལས་བྱེད་པ་ཚོས་མཐོ་སྒང་ལ་རྐང་བཙུགས་ནས་ལོ་བཅུ་ཕྲག་མང་པོར་ཞིབ་འཇུག་ཟབ་མོ་བྱས་པས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། མཐོ་སྒང་གི་གསོ་རིག་དང་མཐོ་སྒང་གི་ཁམས་གསོ་ཐོན་ལས་ལ་མི་སྔར་ལས་མང་པོས་དོ་སྣང་བྱེད་ཀྱིན་ཡོད། 2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུའི་བླང་བྱ་གལ་ཆེན་བཏོན་ནས། མཚོ་སྔོན་མཐོ་སྒང་གི་གསོ་རིག་འཕེལ་རྒྱས་ཐད་ཁ་ཕྱོགས་གསར་བ་བསྟན་པ་དང་འཆར་འགོད་གསར་བ་བཀོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་ལ་བརྟན་པོར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ཡིན། མཐོ་སྒང་གི་གསོ་རིག་ཐད་ནས་མཚོ་སྔོན་ལ་རྨང་གཞི་དང་ལོ་རྒྱུས་ཡོད་ལ། གྲུབ་འབྲས་ཀྱང་མང་པོ་ཡོད། དེ་རིང་མཐོ་སྒང་གི་གསོ་རིག་ཕྱོགས་ཀྱི་ཆེད་མཁས་པ་དང་རིག་གནས་པ་མང་པོ་གཅིག་ཏུ་འདུས་ནས་བགྲོ་གླེང་བརྗེ་རེས་བྱས་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བརྒྱུད་དེ། མཐོ་སྒང་གི་གསོ་རིག་དང་མཐོ་སྒང་གི་ཁམས་གསོའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།